མོང་སྒར་གྱི་དོན་ལུ་ སྨན་ཁབ་དེ་ དྲན་རྟགས་ཅན་ཅིག་ཨིནམ།

༉ རྒྱལ་ཡོངས་ལུ་ ནད་ཡམས་ཀོ་བིཌ་-༡༩ འི་སྨན་ཁབ་ ཀོ་བི་ཤེལཌ་བཙུགས་ཏེ་ ཉིན་གྲངས་༢ ལང་ཡོདཔ་བཞིན་དུ་ མོང་སྒར་རྫོང་ཁག་ནང་ མི་༢༥,༠༠༠ དེ་ཅིག་གིས་ ཐོ་བཀོད་འབད་ཡོད་མི་ལས་ ཁ་ཙ་ཚུན་ མི་༡༠,༤༩༧ གིས་ སྨན་ཁབ་བཙུགས་ནུག།

སྨན་ཁབ་བཙུགས་མི་ཚུ་གི་གྲས་ལས་ མི་༢༣༦ ལུ་ མགུ་ཏོ་ན་ནི་དང་ དྲོད་འབར་རྐྱབ་པའི་ ཉོགས་བཤད་ལྷོད་ཡོདཔ་ད་ ལ་ལོ་ཅིག་ ཤུགས་སྦེ་ན་ཡོད་རུང་ ཆང་ཚར་གཅིག་གུ་ བཤོལ་བཞག་མི་ལུ་བརྟེན་ ཆང་ནད་ཨིན་པའི་ ངོས་འཛིན་བྱུང་ནུག།

སྤྱི་ཟླ་༣ པའི་ཚེས་༢༧ ལུ་ མོང་སྒར་རྫོང་ནང་ སྨན་ཁབ་འགོ་འབྱེད་འབད་བའི་སྐབས་ ད་རེས་ནངས་པར་ ཤར་ཕྱོགས་ལུང་ཕྱོགས་ནང་ གཟིགས་སྐོར་ལུ་ བྱོན་ཡོད་མི་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ སྐུ་མདུན་ལུ་ ཁབ་འགོ་དང་པ་ སྐྱེས་ལོ་༣༠ ལང་མི་ སྤྲེལ་ལོ་མ་ ཀརྨ་པདྨ་དབང་མོ་ལུ་བཙུགས་ཅི།

མོང་སྒར་ལུ་ སྨན་ཁབ་བཙུགས་སར་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ སྐུ་དངོས་སྦེ་ བྱོན་གནང་མི་དེ་གིས་ སྨན་ཁབ་བཙུགས་པར་ འོང་མི་ཚུ་ལུ་ ལྷག་པར་དུ་ བློ་སྟོབས་དང་ སེམས་ཤུགས་ཐོབ་ཡོདཔ་ཨིན་པས།

ཀརྨ་པདྨ་དབང་མོ་གིས་ སླབ་མིའི་ནང་ རྫོང་ཁག་ནང་ཡང་ སྨན་ཁབ་འགོ་དང་པ་དེ་ སྐྱེས་ལོ་༣༠ ལང་མི་ ཨམ་སྲུ་སྤྲེལ་ལོ་མ་གིས་ འགོ་བཙུགས་ནི་ཨིན་ཟེར་ གོ་བའི་ཤུལ་ལས་ མོ་རའི་ཨ་པ་དང་གཅིག་ཁར་ བསྟུན་གྲོས་འབདཝ་ད་ རྒྱབ་སྐྱོར་ལེགས་ཤོམ་ཐོབ་ཅི་ཟེར་ཨིན་པས།

མོ་གིས་འབད་བ་ཅིན་ ཁབ་བཙུགས་པའི་ཉིནམ་ལུ་ ཨ་ཙི་ཅིག་ འདྲོག་དགོཔ་བྱུངམ་ལས་ མཆོད་བཤམ་ནང་སོང་སྟེ་ སྨོན་ལམ་བཏབ་པའི་ཤུལ་ལས་ བློན་ཆེན་ཡང་ སྨན་ཁབ་བཞེས་པའི་ ལོ་རྒྱུས་དང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ མོང་སྒར་ལུ་ བྱོན་ཡོད་པའི་ ལོ་རྒྱུས་གོ་ཞིནམ་ལས་ ཧེང་སྐལ་ར་ སེམས་ཤུགས་ཐོབ་ཅི་ཟེར་ཨིན་པས།

མོ་ར་ མི་དབང་མངའ་ཞབས་མཆོག་གི་ སྐུ་མདུན་ལུ་ སྨན་ཁབ་བཙུགས་ཚུགསཔ་ལས་ སྐལ་བ་བཟང་ཡི་ཟེར་ ཀརྨ་པདྨ་དབང་མོ་གིས་ བཤད་པའི་ཁར་ སྨན་ཁབ་བཙུགས་ཞིནམ་ལས་ མོ་ལུ་ ག་ནི་ཡང་མ་འབད་རུང་ ད་རེས་ནངས་པར་ མི་ལ་ལོ་ཅིག་ལུ་ དུམ་གྲ་རེ་ སྟབས་མ་བདེཝ་བྱུང་པའི་ ལོ་རྒྱུས་གོ་མི་ལུ་བརྟེན་ དོགས་པ་ཆགས་དོ་ཡོད་རུང་ སྨན་ཁབ་དེ་གིས་ ཕན་ནི་མ་གཏོགས་ གནོད་པ་མེདཔ་ལས་ ཐེ་ཚོམ་མ་ཟ་བར་ གདོང་ཁར་བྱོན་གནང་ཟེར་ བཤདཔ་ཨིན་པས།

མི་དབང་མངའ་ཞབས་མཆོག་གིས་ མོང་སྒར་རྫོང་ཁག་ནང་ སྨན་ཁབ་བཙུགས་སའི་ ལྟེ་བ་མང་རབས་ཅིག་ཡོད་མིའི་གྲས་ལས་ མོང་སྒར་སློབ་གྲྭ་ཆེ་བ་ནང་ བྱོན་ཐོག་ལས་ སྨན་ཁབ་བཙུགས་མི་དང་ སྨན་ཁབ་བཙུགས་པར་ འོང་མི་ཚུ་དང་ མཇལ་ཕྲད་གནང་སྟེ་ ནད་ཡམས་ཀྱི་སྐབས་ལུ་ སྨན་ཁབ་དེ་གིས་ མི་སེར་ཚུ་ལུ་ ཉེན་སྐྱོབ་འབད་ཚུགས་པའི་ ཁེ་ཕན་ཡོད་རུང་ ཨ་ལོ་དང་ ཨ་ལོ་ཆགས་མི་ ཡང་ཅིན་ ཨ་ལོ་ལུ་ ཨོམ་བྱིན་མི་ ཨམ་སྲུ་ཚུ་བརྩིས་ཏེ་ མི་འབོར་ཆ་ཤས་ཅིག་ སྨན་ཁབ་མ་བཙུགས་པར་ ལུས་ནི་ཨིནམ་ལས་ མི་མང་གིས་ ཉེན་སྲུང་གི་ སྒྲིག་གཞི་ཚུ་ འཕྲོ་མཐུད་དེ་ར་ ཚུལ་ལྡན་སྦེ་ དང་ལེན་འབད་དགོ་པའི་ བཀའ་སློབ་གནང་ནུག།

མི་དབང་མཆོག་ རྒྱལ་ཡོངས་སྨན་ཁབ་ལས་རིམ་གྱི་ དུས་ཡུན་སྐབས་ ཤར་ཕྱོགས་ལུ་ བཞུགས་ནི་ཨིནམ་བཞིན་དུ་ མི་དབང་མཆོག་དང་ ཕྱག་ཞུ་སྟེ་ མི་དབང་རྒྱལ་བཙུན་དང་ རྒྱལ་སྲས་འཇིགས་མེད་རྣམ་རྒྱལ་དབང་ཕྱུག་དང་ རྒྱལ་སྲས་ཨོ་རྒྱན་དབང་ཕྱུག་རྣམ་༣ བྱོན་ཡོདཔ་ཨིན་པས།

དེ་འབདཝ་ལས་ རྫོང་ཁག་གིས་ སྨན་ཁབ་ལས་རིམ་དེ་ དྲན་རྟགས་ཅན་སྦེ་ རྗེས་སུ་དྲན་ནི་ཨིན་པས།

འབྲུག་པའི་མི་སེར་གྱིས་ ད་རེས་ག་ནི་བ་ གལ་ཆེ་བའི་ དུས་ཚོད་ནང་ སྨན་ཁབ་ལས་རིམ་ མཐར་འཁྱོལ་འབྱུང་ནིའི་དོན་ལུ་ སྨོན་ལམ་བཏབ་དང་འབྲེལ་ མི་དབང་མཆོག་གི་ གཟིགས་སྐོར་དེ་ ལྷག་པར་དུ་ ཁྱད་འཕགས་ཅན་ཅིག་ཨིན་མི་དེ་ཡང་ མི་དབང་རྒྱལ་སྲས་ཨོ་རྒྱན་དབང་ཕྱུག་མཆོག་ ཤར་ཕྱོགས་ལུ་ འགོ་དང་པ་ བྱོནམ་ཨིན་པས།

ལྷུན་རྩེ་རྫོང་ཁག།

དེ་ལས་ ལྷུན་རྩེ་རྫོང་ཁག་ནང་ འགོ་དང་པ་ ཨའུ་མཚོ་རྣམ་གྲོལ་གླིང་དགོན་འཛིན་གྲྭ་ཚང་ནང་སྦེ་ རྫོང་ཁག་བརྡ་དོན་འཕྲུལ་རིག་འགོ་དཔོན་ སྐྱེས་ལོ་༣༠ ལང་མི་ མགོནམ་ལྷམོ་གིས་ བཙུགས་ཡོདཔ་ད་ དེ་གི་ཤུལ་ལས་ རྣམ་གྲོལ་གླིང་གི་ མཁན་ཆེན་རྟ་མགྲིན་སྲི་ཐུབ་དང་ ལྷུན་རྩེ་རྫོང་བདག་ འཇམ་དཔལ་དབང་ཕྱུག་ མི་སྡེ་འགོ་ཁྲིདཔ་ཚུ་དང་ གྲྭ་ཚང་གི་ དགེ་སློང་ཞལ་གྲངས་༡༠༠ ལྷགཔ་ཅིག་ལུ་ སྨན་ཁབ་བཙུགས་ནུག།

རྫོང་ཁག་ནང་ སྤྱི་ཟླ་༣ པའི་ཚེས་༢༥ ལུ་ སྨན་ཁབ་སྒྲོམ་ཚུ་ རྫོང་ཁག་ནང་ ལྷོད་པའི་སྐབས་ སྐྱབས་རྗེ་རྗེ་མཁན་མཆོག་གིས་ ཁྲུས་གསོལ་དང་ སངས་རྒྱས་སྨན་བླའི་གཟུངས་སྔགས་དང་བཅས་ ཐུགས་སྨོན་གནང་ཡོདཔ་ཨིན་པས།

མགོནམ་ལྷམོ་གིས་ སླབ་མིའི་ནང་ སྨན་ཁབ་བཙུགས་ནི་དེ་ ད་རེས་ རྫོང་ཁག་གི་སྨོན་ལམ་ཆེན་མོ་གནངམ་དང་གཅིག་ཁར་ ཁ་ཐུག་རྐྱབ་པའི་ཁར་ སྐྱབས་རྗེ་མཆོག་གི་ཐུགས་སྨོན་གནང་མི་ལུ་བརྟེན་ འགོ་དང་པ་ བཙུགས་ནི་གི་ གོ་སྐབས་ཐོབ་ཡོདཔ་ལས་ མོ་ར་ སྐལ་བ་བཟང་ཤོས་ཅིག་སྦེ་ བརྩི་འཇོག་འབད་དོ་ཟེར་ཨིན་པས།

མོ་གིས་འབད་བ་ཅིན་ མོ་རའི་སྨོན་ལམ་ཟེར་རུང་ གནས་སྟངས་དེ་ སྔར་ག་ཨིནམ་སྦེ་ འགྱོ་བཅུག་ཟེར་ སྨོན་ལམ་བཏབ་ཡོདཔ་བཞིན་དུ་ དེ་གི་དོན་ལུ་ ག་ར་གིས་ སྨན་ཁབ་བཞེས་གནང་ཟེར་ ཞུཝ་ཨིན་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ། མོང་སྒར།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *