རྒྱལ་ཁ་ཐོབ་མི་ སྡེ་ཚན་ཚུ་གིས་ གསོལ་རས་ལེན་པའི་བསྒང་།

མོང་སྒར་གཡག་པོ་སྒང་སྡེ་ཚན་གྱིས་ མདའ་རྩེད་འགྲན་བསྡུར་ནང་ལས་ རྒྱལ་ཁ་ཐོབ་ཡོདཔ།

༉ མོང་སྒར་ལུ་ རང་ལུགས་སྤག་ཤིང་གི་ མདའ་གཞུའི་ཐོག་ལས་ འགོ་འདྲེན་འཐབ་མི་ མདའ་རྩེད་འགྲན་བསྡུར་གྱི་ མཐའ་བཅད་རྩེད་འགྲན་ ཁ་ཙ་འབད་བའི་སྐབས་ མོང་སྒར་གཡག་པོ་སྒང་སྡེ་ཚན་གྱིས་ རྒྱལ་ཁ་ཐོབ་ཡོདཔ་ད་ ཨང་༢ པ་དེ་ མོང་སྒར་ཁྲིམས་སྲུང་འགག་སྡེའི་ སྡེ་ཚན་ཀ་པ་དང་ ཡ་ལྡི་སློབ་གྲྭ་ལྟེ་བའི་སྡེ་ཚན་གྱིས་ ཨང་༣ པ་ཐོན་ཡི།
རྒྱལ་ཁ་ཐོབ་མི་སྡེ་ཚན་ཚུ་ལུ་ གསོལ་རས་ཚུ་ཡང་ ཨང་དང་པ་ཐོན་མི་ལུ་ ཨིན་ཅི་༣༢ འབད་མི་དང་ ཨང་༢ པ་ལུ་ ཨིན་ཅི་༢༤ འབད་མི་ དེ་ལས་ ཨང་༣ པ་ལུ་ ཨིན་ཅི་༢༡ འབད་མི་ རྒྱང་མཐོང་ཊི་བི་རེ་ བྱིན་ཡོདཔ་ཨིན་པས།
དེ་ལས་ བཀག་རེག་མཐོ་ཤོས་ཕོག་མི་དང་ དོ་སྦྱེལ་མཐོ་ཤོས་ དེ་ལས་ སྒོར་ཐིག་གུ་ བཀག་རེག་མཐོ་ཤོས་ཕོག་མི་ མདའ་རྩེདཔ་དྲག་ཤོས་ཚུ་ལུ་ ཊི་བི་དང་ གློག་ཐབ་ཚུ་ བྱིན་ཡི།
སྐོར་ཐེངས་༤༥ ནང་ བཀག་རེག་མ་ཕོག་མི་ རྒྱ་རྫི་ནང་ལུས་མི་ཚུ་དང་ སྐྱེས་ལོ་༦༢ ལང་མི་ མདའ་རྩེདཔ་རྒས་ཤོས་ལུ་ སེམས་ཤུགས་བསྐྱེད་བཅུག་ཐབས་ལུ་ ཕྱི་རྒྱལ་གྱི་མདའ་ཆ་རེ་ གསོལ་རེ་སྦེ་བྱིན་ཡི།
ལོ་ངོ་དག་པ་ཅིག་གི་རྒྱབ་ལས་ འགོ་འདྲེན་འཐབ་མི་ མི་༥ རེ་འབད་མི་ གཡང་འཕེལ་ལུགས་ཀྱི་ གཞོང་སྒར་རང་ལུགས་མདའ་རྩེད་འགྲན་བསྡུར་ནང་ སྡེ་ཚན་༢༤ གིས་ བཅའ་མར་གཏོགས་ཡོད་ས་ལས་༢ བཀྲིས་གཡང་རྩེ་ལས་ཨིནམ་ད་ སྡེ་ཚན་གཞན་ཆ་མཉམ་ མོང་སྒར་རྫོང་ཁག་ནང་ལས་ ཨིན་པས།
སྤྱི་ཟླ་༩ པའི་ཚེས་༢༠ ལས་ འགོ་བཙུགས་མི་རྩེད་འགྲན་དེ་ འབྲུག་ཨོ་ལོམ་པིག་ཚོགས་སྡེ་གིས་ དངུལ་ཀྲམ་༤༥,༠༠༠ གྲོགས་རམ་བྱིན་ཡོདཔ་མ་ཚད་ སྒེར་སྡེ་ཚུ་ནང་ལས་ མ་དངུལ་གྱི་རྒྱབ་སྐྱོར་ལེན་ཏེ་ མོང་སྒར་རྩེད་རིགས་ཚོགས་པ་གིས་ འགོ་འདྲེན་འཐབ་ཡོད་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ། མོང་སྒར།

 

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *