༉ སྤྱི་ཟླ་༨ པའི་ཚེས་༣ དང་༤ ལུ་ མོང་སྒར་རྫོང་ཁག་ཚོགས་འདུ་ འཚོགས་ནི་ཨིནམ་ལས་ ཁྲོམ་སྡེ་ངོ་ཚབ་ཀྱིས་ ཁྲོམ་ལེགས་བཅོས་དང་ འཆར་དངུལ་གྱི་དོན་ལུ་ གྲོས་གཞི་༡༣ བཙུགས་ནི་ཨིན་པས།
སྤྱི་ཟླ་༥ པའི་ནང་ བཙག་འཐུ་གྲུབ་མི་ ཁྲོམ་སྡེ་ངོ་ཚབ་ ཚོགས་པ་རྣམ་རྒྱལ་རྡོ་རྗེ་གིས་ སླབ་མིའི་ནང་ མོང་སྒར་ཁྲོམ་དེ་ ཤར་ཕྱོགས་རྫོང་ཁག་ཚུ་གི་ ལྟེ་བ་ཅིག་ཨིན་རུང་ ཉམས་བཅོས་འབད་ནི་དང་ གསར་བཟོ་འབད་ནི་ ལེ་ཤ་ཡོད་པའི་གྲས་ལས་ གནད་དོན་གལ་ཅན་༡༣ རྫོང་ཁག་ཚོགས་འདུ་ནང་ གྲོས་གཞི་སྦེ་བཙུགས་ནི་ཨིནམ་ད་ དེ་ཡང་ འཆར་ལོ་༢༠༡༧ དང་༢༠༡༨ པའི་ནང་ འཆར་དངུལ་འཐོབ་མ་ཚུགས་རུང་ འཆར་གཞི་༡༢ པའི་དོན་ལུ་ ཨིན་ཟེར་ཨིན་པས།
ལྷག་པར་དུ་ གྲོས་གཞི་ཚུ་ཡང་ ཚོགས་པའི་འདེམས་ངོ་སྦེ་ བཅའ་མར་གཏོགས་ཏེ་ སྐུལ་བསྒྲགས་འབད་བའི་སྐབས་ མི་སེར་ཚུ་ལུ་ ཁས་བླངས་ཕུལ་ཡི་ཟེར་ཨིན་པས།
ཁྲོམ་ནང་ཚུད་མི་ ལྕང་ཤིང་པེག་དང་ གནག་གླིང་ བཀའ་གདམ་དགོན་པ་ ཊའི་གླིང་ དེ་ལས་ ལུང་ཕྱོགས་སྨན་ཁང་ས་ཁོངས་ཀྱི་ བཙོག་གཡུར་ཚུ་མེདཔ་ཐལ་ཡོདཔ་ལས་ ལོག་གསར་བཟོ་འབད་ནི་ཨིནམ་ད་ ལ་ལོ་ཅིག་ ཉམས་བཅོས་འབད་དགོཔ་ངེས་བདེན་ཡོདཔ་ལས་ འཆར་ལོ་ནང་ མ་དངུལ་མེད་རུང་ འཆར་གཞི་༡༢ པའི་ནང་ འཆར་དངུལ་གནང་ཐབས་ཡོད་པའི་ ཞུ་བ་ཕུལ་ནི་ཨིན་ཟེར་ཨིན་པས།
དེ་བཟུམ་སྦེ་ ཁྲོམ་ནང་ཚུད་མི་ སྣུམ་འཁོར་ལམ་དང་ སྣུམ་འཁོར་ལམ་གཡས་གཡོན་ལས་ ཆུ་གཡུར་ཉམས་བཅོས་འབད་ནི་དང་ གསརཔ་བཟོ་སྐྲུན་འབད་ནི་ གྱང་རྩིག་རྐྱབ་ནི་ དེ་ལས་ རྩིས་ནག་གཏང་ནི་ཚུ་ གྲོས་གཞི་སྦེ་བཙུགསཔ་མ་ཚད་ ཀ་མང་ཡེ་ལུ་ རྡོ་རུག་བཏོན་མི་དེ་གིས་ ཁྲོམ་སྒར་ཁྲོམ་གྱི་དོན་ལུ་ འབག་འོང་མི་ ཆུ་དུང་དང་ ལྕགས་དུང་ཚུ་ བར་ཆད་རྐྱབ་པའི་སྐོར་ལས་ གསུང་གྲོས་གནང་ཚུགས་ཟེར་ཨིན་པས།
ཁྲོམ་གྱི་ས་ཁོངས་ནང་ རྐང་ལམ་གསརཔ་རྐྱབ་ནི་དང་ སྣུམ་འཁོར་ལམ་རྒྱ་བསྐྱེད་འབད་ནི་ དེ་ལས་ རྩིས་གནག་གཏང་ནིའི་དོན་ལུ་ གྲོས་འཆར་ཕུལ་ཡོདཔ་མ་ཚད་ བཟའ་ཚང་བར་མ་ཚུ་ལུ་ བཙོང་ཁྲལ་བརྒྱ་ཆ་༡༠ ཕོག་མི་དེ་ ཁྲིམས་བསྒྱུར་བཅོས་ཀྱི་དོན་ལུ་ གསུང་གྲོས་གནང་ནི་ཨིན་པས།
རྣམ་རྒྱལ་རྡོ་རྗེ་གིས་ སླབ་མིའི་ནང་ ཁྲོམ་ནང་ སྒྲ་དབྱངས་དང་ ཀ་རའུ་ཀི་ དེ་ལས་ ཌིས་ཀོ་ཐེག་ གཞི་བཙུགས་འབད་མི་ཚུ་གིས་ ཉེ་འདབས་ལས་ཕར་ སྡོད་མི་ཚུ་ལུ་ བར་ཆད་རྐྱབ་དོ་ཡོདཔ་ལས་ ནུབ་མོ་ཞག་ཉལ་མི་ཚུ་ལུ་ བར་ཆད་མེདཔ་སྦེ་ བཞག་ཐབས་ཀྱི་གྲོས་བསྡུར་འབད་ནིའི་དོན་ལུ་ གྲོས་འབུལ་ཕུལ་དོ་ཟེར་ཨིན་པས།
མོང་སྒར་ལུ་ཡོད་པའི་ འབྲུག་བཟའ་སྤྱོད་ལས་འཛིན་གྱིས་ ཚོང་སྒྱུར་འཐབ་པའི་སྐབས་ སྦུང་ཚོང་སྦེ་ རྐྱབ་དགོཔ་ཨིན་རུང་ སིལ་ཚོང་ཡང་ རྐྱབ་དོ་ཡོདཔ་ལས་ དེ་གིས་ སྤྱིར་བཏང་ཚོང་ཁང་ཚུ་ལུ་ གནོད་དོ་ཡོདཔ་ཨིན་པས།
རྒྱལ་པོའི་ཞིང་དང་ མོང་སྒར་ཁྲོམ་ནང་ སྦུང་ཚོང་རྐྱབ་མ་ཆོག་མི་ཚུ་གིས་ཡང་ ཁྲིམས་འགལ་ཐོག་ལས་ སྦུང་ཚོང་རྐྱབ་དོ་ཡོདཔ་ལས་ བཀག་དམ་འབད་ནིའི་དོན་ལུ་ གྲོས་གཞི་བཙུགས་ཏེ་འདུག།
མོང་སྒར་ཁྲོམ་དང་ རྒྱལ་པོའི་ཞིང་ཁྲོམ་ནང་ སའི་ཇོ་བདག་ཚུ་གིས་ ཁྱིམ་བཟོ་སྐྲུན་འབད་ནི་མེདཔ་ལས་ མི་སེར་ཚུ་ ཁང་གླར་སྡོད་ནི་ལུ་ ཁྱིམ་འཐོབ་མ་ཚུགས་པའི་ དཀའ་ངལ་བྱུང་སྟེ་ཡོདཔ་ད་ སའི་ཇོ་བདག་ཚུ་ལུ་ སྒྲིང་ཁྱིམ་བཟོ་སྐྲུན་འབད་བཅུག་ནིའི་ གྲོས་འབུལ་ཕུལ་ནི་ཨིན་པས།
མོང་སྒར་ཚོད་བསྲེ་ཚོང་ཁང་གི་ ཐོག་དང་པའི་ནང་ ད་ཚུན་གྱི་བར་ན་ གཏན་འཇགས་སྦེ་ ནང་འཁོད་ལས་ ཐོན་སྐྱེད་འབད་མི་ ཚོད་བསྲེའི་རིགས་ཚུ་ བཙོང་སྡོདཔ་ཨིན་རུང་ ད་ལས་ཕར་ འོག་ཐོག་ལུ་ སྤོ་བཅུག་ནི་ཨིནམ་ད་ དེ་ཡང་ ཐོག་དང་པ་དེ་ གཡུས་མི་ཚུ་གིས་འབག་འོང་མི་ ཚོད་བསྲེ་ཚུ་ བཙོང་བཅུག་ནིའི་དོན་ལུ་ཨིན་པས།
ལྷག་པར་དུ་ ཊའི་གླིང་ཁྲོམ་ནང་སྡོད་མི་ཚུ་གིས་ བསམ་འཆར་བཀོད་མིའི་ནང་ ལོ་༥ ལྷགཔ་ཅིག་སོང་རུང་ སྣུམ་འཁོར་ལམ་དང་ སྒྲིང་ཁྱིམ་ཚུ་ལས་ཐོན་མི་ བཙོག་ཆུ་དང་ སྣུམ་འཁོར་ལམ་གྱི་ གཡས་གཡོན་ལས་ཕར་ ཆུ་གཡུར་མེད་པའི་ དཀའ་ངལ་ལེ་ཤ་འདུག་ཟེར་ཨིན་པས།
དེ་འབདཝ་ལས་ ཁྲོམ་སྡེ་གིས་ དེ་འཕྲོ་ལས་ དཀའ་ངལ་སེལ་ཐབས་འབད་ནི་དང་ ལྟ་རྟོག་ཚུ་ འབད་དགོཔ་འདུག་ཟེར་ ཨིན་པའི་གནས་ཚུལ།
མོང་སྒར་ལས་ བཀྲིས་ཕུན་ཚོགས།