ཁྲོམ་རྙིངམ་གི་ ས་ཁོངས་ནང་ རང་ལུགས་ཀྱི་ཁྱིམ་༡༡ ཡོད་མི་ལས་ མང་ཤོས་ར་ རྙིངམ་ཐལ་ཡོདཔ་ལས་ ཉེན་སྲུང་དང་འབྲེལ་བའི་ གནད་དོན་འཐོན་ཉེན་ཡོདཔ་ཨིན་པས།

མོང་སྒར་ཁྲོམ་རྙིངམ་ནང་ འབྲུག་ལུགས་ཀྱི་ཁྱིམ་ཚུ་ ཉེན་སྲུང་དང་ལྡན་མི་ལྡན་གྱི་ཚ་གྱང་།

༉ མོང་སྒར་ཁྲོམ་ཁར་ བཟའ་ཚང་ཅིག་གིས་ རྫོང་ཁག་ས་ཁྲམ་ཡིག་ཚང་ནང་ ཐོག་༤ འབད་མི་ བཟའ་ཚང་སྤྱི་རུབ་ཀྱི་ བདག་དབང་ལུ་ཡོད་མི་ ཁྲོམ་ས་དང་ཁྱིམ་དེ་ ཨ་ལོ་༢ ཀྱི་ མིང་ཐོག་ཁར་ སྤོ་སོར་འབད་ནིའི་དོན་ལུ་ ལཱ་འབད་དེ་ ཟླཝ་༡ ལང་ཡོད་རུང་ མིང་སྤོ་མ་ཚུགས་མི་དེ་ཡང་ ཁྱིམ་ནང་སྡོད་བཏུབ་པའི་ ལག་ཁྱེར་མ་ཐོབ་ནི་དེ་གིས་ཨིན་པས།

ཁྲམ་སྤོ་ནིའི་དོན་ལུ་ རྫོང་ཁག་ཁྲོམ་སྡེའི་ཡིག་ཚང་ལས་ ངོ་སྦྱོར་ཡོད་པའི་ ཡིག་ཆ་ངེས་པར་དུ་ དགོཔ་ཨིན་རུང་ ད་རེས་ ཞུ་བ་འབད་མིའི་ཐད་ལུ་ རང་ལུགས་ཀྱི་ཁྱིམ་ཚུ་ རྙིངམ་ཐལ་ཡོདཔ་ལས་ གནོད་ཉོན་ཡོད་མི་ལུ་བརྟེན་ ཁྲོམ་སྡེ་ཡིག་ཚང་གིས་ བཟའ་ཚང་ལུ་ ཆོག་ཐམ་བྱིན་མ་བཏུབ་ཨིན་པས།

ཁྱིམ་གྱི་ཇོ་བདག་ཚུ་གིས་འབད་བ་ཅིན་ ད་ཚུན་ སྡོད་མ་བཏུབ་པའི་སྐོར་ལས་ ཉེན་བརྡའི་ཡི་གུ་ ག་ནི་ཡང་ བྱིན་བྱིནམ་མེད་པར་ ཁྲམ་སྤོ་སོར་འབད་བའི་སྐབས་ དེ་འཕྲོ་ལས་ ཁྱིམ་ནང་སྡོད་བཏུབ་པའི་ ལག་ཁྱེར་བཀག་འཛིན་འབད་མི་དེ་ ཁེ་རྒུད་མི་བཏུབ་པས་ཟེར་ཨིན་པས།

ཁྱིམ་གྱི་ཇོ་བདག་ པདྨ་རྡོ་རྗེ་གིས་ སླབ་མིའི་ནང་ ཁྱིམ་ཚུ་སྒྲིང་སྒྲི་ཡོདཔ་མ་ཚད་ ཉེན་སྲུང་དང་ལྡནམ་སྦེ་ ཡོད་ནི་དེ་གིས་ ནང་ན་མི་ཚུ་ཡང་ གླ་ཁར་སྡོད་དེ་ཡོད་ཟེར་ཨིནམ་ད་ ཡུན་རིངམོ་སྦེ་མེན་རུང་ ཁྱིམ་ནང་སྡོད་བཏུབ་པའི་ ལག་ཁྱེར་དེ་ ཁྲམ་སྤོ་སོར་གྱི་དོན་ལུ་རྐྱངམ་གཅིག་ གནང་ཟེར་ཞུ་རུང་ བྱིན་མ་བཏུབ་པའི་ཁར་ གལ་སྲིད་ ཁྲམ་སྤོ་ཚུགས་པ་ཅིན་ ཁྱིམ་ལོག་རྐྱབ་རུང་ དེ་བསྒང་ལས་ འབད་ཚུགས་ནི་མས་ཟེར་ བཤདཔ་ཨིན་པས། 

དེ་འབདཝ་ད་ རྫོང་ཁག་ཁྲོམ་སྡེ་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ད་ཚུན་ ཁྲོམ་རྙིངམ་གི་ ས་ཁོངས་ནང་ རང་ལུགས་ཀྱི་ ཁྱིམ་ཆ་མཉམ་ལུ་ སྡོད་བཏུབ་པའི་ལག་ཁྱེར་ མ་སྤྲོད་པར་ཡོདཔ་མ་ཚད་ ཁྱིམ་བརྡལ་བཤིག་གཏང་དགོ་པའི་ ཉེན་བརྡ་ཡང་ མ་བྱིན་པར་ཡོད་ཟེར་ཨིན་པས།

ཁྲོམ་རྙིངམ་གི་ ས་ཁོངས་ནང་ མང་ཤོས་ཐོག་༣ དང་ དག་པ་ཅིག་ཐོག་༤ འབད་མི་ རང་ལུགས་ཀྱི་ཁྱིམ་༡༡ དེ་ཅིག་ཡོདཔ་ད་ ཁྱིམ་༣ བརྡལ་བཤིག་བཏང་སྟེ་ སྒྲིང་ཁྱིམ་རྐྱབ་ནུག།

ཨིན་རུང་ རང་ལུགས་ཀྱི་ཁྱིམ་ཚུ་ ལོ་༤༠ དང་༥༠ གི་བར་ན་ ལང་ཡོདཔ་ལས་ ཁྱིམ་ལ་ལོ་ཅིག་ ཉེན་སྲུང་དང་ལྡནམ་མེད་པའི་ ཚ་གྱང་ཡོདཔ་ཨིན་པས།

ཁྱིམ་ཇོ་བདག་ཚུ་གིས་འབད་བ་ཅིན་ ཁྱིམ་ཚུ་ཉམས་བཅོས་འབད་དེ་ གློག་ཐག་ཚུ་ཡང་ གསརཔ་སྤྲིངས་ཡོདཔ་མ་ཚད་ མེ་བསད་འཕྲུལ་ཆས་ཚུ་ བཙུགས་ཡོདཔ་ཨིན་རུང་ དེ་སྦེ་ གཞི་བཙུགས་འབད་མི་ ཁྱིམ་དག་པ་ཅིག་མ་གཏོགས་མེད་པའི་ཁར་ མང་ཤོས་ཅིག་ནང་ ནང་ན་རླུང་མ་འཛུལ་སའི་ ས་གོ་མེདཔ་མ་ཚད་ ཁྱིམ་ལ་ལོ་ཅིག་ལུ་ སེར་གུ་ཐོན་ཏེ་འདུག། 

ད་རུང་ ཁྱིམ་ཚུ་གི་ཁྱིམ་ཐོག་ཡང་ ཕར་ཚུར་སླ་བསྲེས་ཏེ་ཡོད་པའི་ཁར་ ཁྱིམ་ཚུ་གི་བར་ན་ ས་སྟོང་སྦོམ་མེདཔ་ལས་ མེ་རྐྱེན་རེ་ ཤོར་བ་ཅིན་ ཉེན་སྲུང་གི་ གདོང་ལེན་འབྱུང་ནི་ཨིནམ་ད་ སྤྱི་ལོ་༢༠༡༦ ལུ་ ཁྱིམ་ཅིག་ནང་ གློག་མེ་ལུ་བརྟེན་ མེ་རྐྱེན་བྱུངམ་ད་ ཁྱིམ་༣ འཚིགས་ཡོདཔ་མ་ཚད་ ཁྱིམ་༢ ཀྱི་ཁྱིམ་ཐོག་ཚུ་ འཚིགས་ཡོདཔ་ཨིན་པས།

ཁྲོམ་སྡེ་ཡིག་ཚང་གི་ སྒྲིང་ཁྱིམ་ལྟ་རྟོག་པ་ དབང་ཕྱུག་རབ་བརྟན་གྱིས་ སླབ་མིའི་ནང་ ཁྲོམ་རྙིངམ་གི་ཁྱིམ་ཚུ་ རྙིངམ་ཐལ་ཡོདཔ་ལས་ ཉེན་སྲུང་གི་ མཐའ་དོན་ལུ་དམིགས་ཏེ་ གནས་སྐབས་ཅིག་གི་དོན་ལུ་ སྡོད་བཏུབ་པའི་ལག་ཁྱེར་ མ་སྤྲོད་པར་ཡོད་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ ཁྱིམ་ཚུ་རྐྱབ་སྟེ་ ཡུན་རིང་སོང་ཡོདཔ་ལས་ ས་ཁྲ་ཚུ་ཡང་མེད་ནི་དེ་གིས་ ཉེན་སྲུང་ལྟ་རྟོག་འབད་ནིའི་ གཞི་བཞག་ས་ཅིག་མེད་རུང་ རྫོང་ཁག་གིས་ ཉེན་ཁ་འབག་མ་ཚུགས་པར་ ལག་ཁྱེར་བཀག་ཆ་འབད་དེ་ཡོད་ཟེར་ཨིན་པས།

ཨིན་རུང་ ནང་འཁོད་ཞལ་འཛོམས་འཚོགས་ཞིནམ་ལས་ གཅིག་མཚུངས་སྦེ་ བསྟར་སྤྱོད་འབད་ནིའི་དོན་ལུ་ གྲ་སྒྲིག་འབད་བའི་བསྒང་ཡོད་ཟེར་ ཁྲོམ་སྡེའི་འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།

ད་ཚུན་ ཁྲོམ་སྡེ་གིས་ ཁྲོམ་རྙིངམ་ནང་ སྒྲིང་ཁྱིམ་གྱི་ ཇོ་བདག་ཚུ་ལུ་ མེ་བསད་འཕྲུལ་ཆས་དང་ གློག་ཐག་གསརཔ་མཐུད་སྦྲེལ་འབད་དགོ་པའི་ བརྡ་འཕྲིན་སྤེལ་ཡོདཔ་ད་ དེ་བཟུམ་སྦེ་ ཁྲོམ་གྱི་ཕྱི་ཁར་ ཁྱིམ་༢  སྡོད་མ་བཏུབ་ ཐལ་ནི་དེ་གིས་ མི་སྡོད་མ་བཅུག་པར་ སྟོངམ་བཏོན་དགོ་པའི་ ཉེན་བརྡ་བྱིན་ཡོདཔ་ཨིན་པས།

མོང་སྒར་ཁྲོམ་ཁར་འབད་བ་ཅིན་ ཁྲོམ་ལ་ལོ་ཅིག་ནང་བཟུམ་མེན་པར་ དང་འདོད་ཡོད་པ་ཅིན་ རང་ལུགས་ཀྱི་ཁྱིམ་ཚུ་ བརྡལ་བཤིག་བཏང་སྟེ་ སྒྲིང་ཁྱིམ་རྐྱབ་ཆོག་ནི་ཨིན་རུང་ ཁྲོམ་སྡེའི་བཟོ་བཀོད་དང་འཁྲིལ་ ས་ཁྲ་དེ་ ཆ་འཇོག་འབད་ནི་ཨིན་པས།

ད་ལྟོ་ ཁྱིམ་གྱི་ཇོ་བདག་མང་ཤོས་ཅིག་གིས་ ཁོང་གི་ཁྱིམ་ཚུ་ སྒྲིང་སྒྲི་དང་ ཉེན་སྲུང་དང་ལྡནམ་སྦེ་ ཡོད་ཟེར་ བཤདཔ་ཨིན་རུང་ ཁྱིམ་གྱི་ཇོ་བདག་༡ དང་༢ ཀྱིས་ རང་ལུགས་ཀྱི་ ཁྱིམ་བཤུབ་ཞིནམ་ལས་ སྒྲིང་ཁྱིམ་རྐྱབ་ནིའི་ རེ་བ་ཡོད་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ། མོང་སྒར།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *