ལྕང་ཤིང་སྤེག་ ས་གནས་ས་ཁོངས་འཆར་གཞི།

མོང་སྒར་ཁྲོམ་གྱི་ ས་གནས་ས་ཁོངས་འཆར་གཞི་ ཆ་འཇོག་འགྲུབ་མ་ཚུགས་པར་ཡོདཔ།

༉ མོང་སྒར་ཁྲོམ་གྱི་ ས་གནས་ས་ཁོངས་འཆར་གཞི་ཚུ་གི་གྲས་ལས་༢ ལྕང་ཤིང་སྤེག་དང་ གནག་གླིང་གི་ ས་གནས་ས་ཁོངས་འཆར་གཞི་དེ་ ནད་ཡམས་ཀོ་བིཌ་-༡༩ ལུ་བརྟེན་ ལཱ་འབད་མ་ཚུགས་པར་ ཐོགས་ལུས་ཡོདཔ་ཨིན་པས།

ས་གནས་ས་ཁོངས་འཆར་གཞི་དེ་གི་ མི་མང་གྲོས་བསྟུན་ཚུ་ ན་ཧིང་ལས་ འགོ་བཙུགས་ནི་ཨིན་རུང་ རྒྱལ་ཁབ་ནང་ ནད་ཡམས་ཐོན་པའི་ཤུལ་ལས་ ཐོགས་ལུས་ཡོདཔ་ཨིན་པས།

ཁྲོམ་སྡེའི་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ རྫོང་ཁག་གིས་ ས་གནས་ས་ཁོངས་འཆར་གཞི་དེའི་ གནད་སྡུད་ཚུ་བསྡུ་ལེན་འབད་ཚར་བའི་ཤུལ་ལས་ བདུན་ཕྲག་༢ ཀྱི་ཧེ་མ་ལས་ མི་མང་ཁྱབ་བསྒྲགས་འབད་ཞིནམ་ལས་ གྲོས་བསྟུན་ཞལ་འཛོམས་ཐེངས་དང་པ་དེ་ ན་ཧིང་ སྤྱི་ཟླ་༡༢ པའི་ཚེས་༢༤ ལུ་ འགོ་འདྲེན་འཐབ་ནིའི་ འཆར་གཞི་ཡོད་རུང་ འགྲོ་འགྲུལ་བཀག་དམ་༢ པ་ འགོ་བཙུགས་ཞིནམ་ལས་ འགོ་འདྲེན་འཐབ་མ་ཚུགས་ཟེར་ཨིན་པས།

ཁྲོམ་སྡེའི་བཟོ་བཀོདཔ་ ཐུབ་བརྟན་བློ་གསལ་གྱིས་ སླབ་མིའི་ནང་ འགྲོ་འགྲུལ་བཀག་དམ་གྱི་ཤུལ་ལས་ ནད་ཡམས་ཀྱི་ སྒྲིག་གཞི་དང་བསྟུན་ མི་སྤུངས་འཛོམས་འབད་མ་ཆོག་མི་ལུ་བརྟེན་ སའི་ཇོ་བདག་ཚུ་དང་གཅིག་ཁར་ འཛོམས་འདུ་འགོ་འདྲེན་འཐབ་མ་ཚུགས་པའི་ཁར་ སའི་ཇོ་བདག་ལ་ལོ་ཅིག་ ཚོས་གཞི་དམརཔོ་ནང་ཨིན་མི་ རྒྱལ་ས་ལྟེ་བ་ལུ་སྡོད་ནི་དེ་གིས་ འབོ་མ་ཚུགས་ཟེར་ཨིན་པས།

ཨིན་རུང་ འགོ་ཐོག་ལུ་ མི་མང་གྲོས་བསྟུན་ཞལ་འཛོམས་དེ་ འཕྲལ་མགྱོགས་ར་ ལམ་ལུགས་དང་འཁྲིལ་ བདུན་ཕྲག་༢ ཀྱི་གོང་ལས་ མི་མང་ཁྱབ་བསྒྲགས་འབད་ཞིནམ་ལས་ འགོ་བཙུགས་ནིའི་འཆར་གཞི་ཡོདཔ་ཨིན་པས།

རྫོང་ཁག་ཁྲོམ་སྡེའི་ འགོ་དཔོན་ཚུ་དང་འཁྲིལཝ་ད་ ས་གནས་ས་ཁོངས་འཆར་གཞི་བཟོ་བའི་སྐབས་ སའི་ཇོ་བདག་ཚུ་དང་གཅིག་ཁར་ ཞལ་འཛོམས་ཐེངས་༣ འཚོགས་ཞིནམ་ལས་ ས་ཁྲ་བཟོ་སྟེ་ ཆ་འཇོག་གི་དོན་ལུ་ ཞབས་ཏོག་ལྷན་ཁག་ནང་ བཙུགས་ཡོདཔ་ཨིན་པས།

ས་གནས་ས་ཁོངས་འཆར་གཞི་ གཏན་འཁེལ་མ་འགྱོ་མི་ལུ་བརྟེན་ ས་ཁོངས་དེ་ནང་གི་ ཁྱིམ་རྐྱབ་ནིའི་དང་འདོད་ཡོད་མི་ སའི་ཇོ་བདག་ཚུ་ ད་རེས་ནངས་པར་ ས་གནས་ས་ཁོངས་འཆར་གཞི་ ཆ་འཇོག་གི་དོན་ལུ་ སྒུག་དོ་ཡོདཔ་ཨིན་པས།

ཁྲོམ་ཁར་སྡོད་མི་ཚུ་གིས་ སླབ་མིའི་ནང་ ས་གནས་ས་ཁོངས་འཆར་གཞི་ཚུ་ མགྱོགས་པར་ར་ ཆ་འཇོག་འགྲུབ་ཞིནམ་ལས་ ཁྱིམ་རྐྱབ་མིའི་གྱངས་ཁ་ ཡར་སེང་འགྱོ་བ་ཅིན་ ད་རེས་ནངས་པར་ ཁྲོམ་གྱི་དཀའ་ངལ་སྦོམ་ཤོས་ཅིག་ ཁྱིམ་མ་ལང་པའི་དཀའ་ངལ་ཨིན་མི་དེ་ དུམ་གྲ་ཅིག་ བསལ་ཚུགས་ནི་མས་ཟེར་ཨིན་པས།

ཁྲོམ་ཁྱིམ་ལངམ་སྦེ་ མེད་མི་ལུ་བརྟེན་ རྫོང་ཁག་ཚོགས་འདུ་བརྒྱུད་དེ་ རྒྱལ་ཡོངས་ཁྱིམ་བཟོ་གོང་འཕེལ་ལྟེ་བ་ལུ་ གཞུང་གི་ཁྱིམ་རྐྱབ་དགོ་པའི་ ཞུ་བ་ཡང་ འབད་ཡོདཔ་ཨིན་པས།

ཁྲོམ་ཁར་ ཁྱིམ་ལངམ་སྦེ་ མེད་མི་ལུ་བརྟེན་ ད་རེས་ནངས་པར་ ཞི་གཡོགཔ་དང་ སྤྱི་གཡོགཔ་ དེ་ལས་ སྒེར་སྡེ་ནང་ ལཱ་འབད་མི་ལ་ལོ་ཅིག་ སྐྱིད་བདེ་མཁར་དང་ རི་ད་ཟ་ཚུ་ནང་ སྡོད་དོ་ཡོདཔ་མ་ཚད་ ད་རེས་ ཁྲོམ་ཁར་ ཁང་གླའི་ཚད་གཞི་ ལེ་ཤ་གི་ ཡར་སེང་སོང་ཡོད་མི་དེ་ཡང་ ཚད་འཛིན་འབད་ཚུགས་པའི་ འོས་འབབ་ཡོདཔ་ཨིན་པས།

མོང་སྒར་ཁྲོམ་སྡེའི་ ས་གནས་ས་ཁོངས་འཆར་གཞི་ཚུ་གི་གྲས་ལས་ མོང་སྒར་ཁྲོམ་གཙོ་བོ་དེ་ ས་ཁོངས་གོང་འཕེལ་གཏང་ཚར་བའི་ཁར་ སྤྲེལ་གླིང་དང་ བྱ་རུང་ཁ་ཤོར་ས་གནས་ས་ཁོངས་འཆར་གཞི་དེ་ ན་ཧིང་ ཆ་འཇོག་གྲུབ་པའི་ཤུལ་ལས་ ད་རེས་ནངས་པར་ ས་ཁོངས་གོང་འཕེལ་གྱི་ ལཱ་ཚུ་འབད་བའི་བསྒང་ཡོདཔ་ཨིན་པས།

རྒྱལ་པོའི་ཞིང་གི་ ས་གནས་ས་ཁོངས་འཆར་གཞི་དེ་ སྤྱི་ལོ་༢༠༡༥ ལུ་ ཆ་འཇོག་གྲུབ་པའི་ཤུལ་ལས་ ཁྲོམ་གོང་འཕེལ་གྱི་ལཱ་ཚུ་ འབད་བཞིན་དུ་ཡོདཔ་ཨིན་པས།

ལྕང་ཤིང་སྤེག་དང་ གནག་གླིང་ས་གནས་ས་ཁོངས་འཆར་གཞི་༢ པའི་ནང་ ས་ཚན་༡༤༨ དེ་ཅིག་ ཡོད་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ། མོང་སྒར།

About admin

Check Also

སོ་ནམ་ཞིང་ལམ་ལག་ལེན་འཐབ་མི་ཚུ་ལས་ སྤྱོད་འཐུས་བསྡུ་ནི་ལུ་ཐེ་ཚོམ།

༉ སོ་ནམ་ཞིང་ལམ་ཚུ་ ཤིང་དང་ བྱེམ་ལ་སོགས་པ་ བཏོན་ནིའི་དོན་ལུ་ སྣུམ་འཁོར་ཆེ་བ་ཚུ་ ལག་ལེན་འཐབ་པའི་སྐབས་ སྤྱོད་འཐུས་བསྡུ་ནི་དེ་ ཟུར་ཁྲིམས་ནང་རྐྱངམ་གཅིག་ དོན་ཚན་སྦེ་ ཚུད་དེ་ཡོདཔ་ལས་ ས་གནས་གཞུང་གིས་ བསྟར་སྤྱོད་ འབད་ནི་ལུ་ ཐེ་ཚོམ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *