མོང་སྒར་ཁྲོམ།

མོང་སྒར་ཁྲོམ་ཁྱིམ་ཚུ་ལས་ འགོ་དང་པ་ ཁང་ཁྲལ་བསྡུ་ལེན་འགོ་བཙུགས་ནི།

༉ རྒྱལ་ཁབ་ནང་ རྒྱལ་ཡོངས་ཁྲལ་གྱི་ སྲིད་བྱུས་དེ་ གཏན་འཁེལ་སོང་སྟེ་ ལོ་ངོ་བཅུ་ཕྲག་༣ དེ་ཅིག་ ལང་ཡོད་རུང་ ད་རེས་ མོང་སྒར་ཁྲོམ་ཁར་ཡོད་མི་ ཁྱིམ་ཚུ་ལུ་ ཁང་ཁྲལ་འགོ་དང་པ་ བསྡུ་ལེན་འབད་ནི་ཨིན་པས།

ཁྲལ་གྱི་སྲིད་བྱུས་༡༩༩༢ ཅན་མ་དང་འཁྲིལཝ་ད་ གྲོང་གསེབ་ཀྱི་ ཁྱིམ་ཚུ་གི་དོན་ལུ་ ཁང་ཁྲལ་བཏབ་དོ་བཟུམ་ ཁྲོམ་ཁྱིམ་ཚུ་ལས་ཡང་ གཞུང་གིས་ ཁང་ཁྲལ་བསྡུ་དགོཔ་ཨིན་རུང་ ད་ཚུན་ མ་བསྡུ་བར་ ལུས་སོཔ་ཨིན་པས།

མོང་སྒར་ལུང་ཕྱོགས་འོང་འབབ་དང་ཅ་དམ་ཡིག་ཚང་གི་ ལུང་ཕྱོགས་མདོ་ཆེན་ གཱ་ནེཤ་བླ་མ་སྐལ་ལྡན་གྱིས་ སླབ་མིའི་ནང་ ཁྲལ་མ་བསྡུ་བར་ཡོད་པའི་སྐོར་ལས་ སྤྱི་ལོ་༢༠༡༨ ལུ་ ལུང་ཕྱོགས་ཡིག་ཚང་གི་ འགོ་དཔོན་སྡེ་ཚན་ཅིག་གིས་ ཁྲལ་བསྡུ་བའི་སྐབས་ ཤེས་རྟོགས་བྱུང་ནུག་ཟེར་ཨིན་པས།

དེ་ལས་ཚུར་ ལུང་ཕྱོགས་ཡིག་ཚང་གིས་ བརྡ་དོན་སྙན་ཞུ་ཚར་༣ དེ་ཅིག་ བཏོན་ཡོདཔ་ད་ རྫོང་ཁག་ཁྲོམ་སྡེའི་འགོ་དཔོན་ཚུ་གིས་འབད་བ་ཅིན་ ཁྲལ་མ་བསྡུ་བར་ཡོད་པའི་སྐོར་ལས་ ཤེས་རྟོགས་བྱུང་པའི་ཤུལ་ལུ་ གྲོས་གཞི་བཙུགས་ཅི་ཟེར་ཨིན་པས།

འཕྲལ་ཁམས་ཅིག་ཁར་ རྫོང་ཁག་ཁྲོམ་སྡེ་གོང་འཕེལ་ཚོགས་ཆུང་གིས་ ལུང་ཕྱོགས་འོང་འབབ་དང་ཅ་དམ་ཡིག་ཚང་གི་ འགོ་དཔོན་ཚུ་ཡང་ བཅའ་མར་གཏོགས་ཐོག་ལས་ ཞལ་འཛོམས་ཅིག་ འགོ་འདྲེན་འཐབ་སྟེ་ ཁང་ཁྲལ་ཚུ་ སྤྱི་ལོ་༢༠༡༤ ལས་ཡར་ བསྡུ་ལེན་འབད་ནི་སྦེ་ ཐག་བཅད་ཡོདཔ་ཨིན་པས།

ལུང་ཕྱོགས་མདོ་ཆེན་ གཱ་ནེཤ་བླ་མ་སྐལ་ལྡན་གྱིས་ སླབ་མིའི་ནང་ ཁྲལ་གྱི་སྲིད་བྱུས་ནང་ ཁྲོམ་གྱི་ཁང་ཁྲལ་ལ་སོགས་པ་བསྡུ་མི་ ལས་སྡེ་ཅིག་ཨིན་མི་ རྫོང་ཁག་གིས་ བསྡུ་ལེན་འབད་ཞིནམ་ལས་ གཞུང་གི་འོང་འབབ་ཀྱི་ རྩིས་ཁྲ་ནང་ བཙུགས་དགོཔ་སྦེ་ གསལ་རིལ་རི་བཀོད་དེ་ཡོད་རུང་ དེམ་ཅིག་སྦེ་ར་ ལུས་སོ་ནུག་ཟེར་ཨིན་པས།

རྫོང་ཁག་ཁྲོམ་སྡེའི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ ད་ཚུན་ ཁྲལ་མ་བསྡུ་མི་དེ་ དེ་བསྒང་ ཁྲལ་བསྡུ་མི་ རྫོང་ཁག་འོང་འབབ་སྡེ་ཚན་གྱིས་ ལུས་སོཔ་བཟུམ་ཡོད་མི་དེ་ཡང་ ཁྲོམ་གྱི་ས་ཁོངས་ གཏན་འཁེལ་མ་སོང་མི་ལུ་བརྟེན་ འོང་ནི་མས་ཟེར་ཨིན་པས།

ད་རེས་ མོང་སྒར་ཁྲོམ་ངོ་མ་དང་ སྤྲེལ་གླིང་དང་ བྱ་རུང་ཁ་ཤོར་ རྒྱལ་པོའི་ཞིང་ལ་སོགས་པའི་ ས་གནས་ས་ཁོངས་འཆར་གཞི་ གཏན་འཁེལ་སོང་ཡོདཔ་ལས་ ཚོགས་ཆུང་གིས་ ལུང་ཕྱོགས་འོང་འབབ་དང་ཅ་དམ་འགོ་དཔོན་ཚུ་གི་ བསམ་འཆར་དང་ རྟ་དྲངས་ཏེ་ སྤྱི་ལོ་༢༠༡༤ ལས་ཡར་ ཁྲལ་བསྡུ་ནི་སྦེ་ ཐག་བཅད་ཅི་ཟེར་ ཁྲོམ་སྡེའི་བཟོ་རིག་འགོ་དཔོན་ རམ་བྷ་དུར་དར་ཇི་གིས་ བཤདཔ་ཨིན་པས། 

དེ་མ་ཚད་ ཁྲོམ་གྱི་ཁང་ཁྲལ་མ་བསྡུ་མིའི་སྐོར་ རྫོང་ཁག་འགོ་དཔོན་ཚུ་དང་འབྲེལ་བ་འཐབ་པའི་སྐབས་ གཞན་རྫོང་ཁག་དག་པ་ཅིག་ཡང་འདུག་ཟེར་ རམ་བྷ་དུར་གྱིས་ སླབ་ཨིན་པས།

ཨིན་རུང་ ད་རེས་ ཚོགས་ཆུང་གིས་ ཆ་འཇོག་གྲུབ་པའི་ཤུལ་ལས་ བརྡ་བརྒྱུད་ནང་ ཁྱིམ་གྱི་ཇོ་བདག་ཚུ་གིས་ ཁྲལ་ཚུ་ སྤྱི་ཟླ་༥ པའི་ཚེས་༣༡ གི་ ནང་འཁོད་ནང་ བཏབ་དགོ་པའི་གསལ་བསྒྲགས་འབད་དེ་ཡོད་ཟེར་ ཁྲོམ་སྡེའི་འགོ་དཔོན་ཚུ་གིས་ སླབ་ཨིན་པས།

ཁྲལ་ཚུ་ཡང་ ཁྲོམ་སྡེའི་འགོ་དཔོན་ཚུ་དང་འཁྲིལཝ་ད་ ཁྱིམ་གྱི་ཇོ་བདག་ཚུ་གིས་ རྫོང་ཁག་དངུལ་རྩིས་ལས་ཚན་ནང་ བཏབ་དགོཔ་ཨིན་པས།

རྫོང་ཁག་གི་ ཐོ་དང་འཁྲིལཝ་ད་ མོང་སྒར་ཁྲོམ་དང་ སྐྱིད་བདེ་མཁར་ཁྲོམ་༢ ནང་ ཁྱིམ་གུང་པ་༡༩༢ དེ་ཅིག་ཡོདཔ་ད་ དེ་བཟུམ་སྦེ་ མོང་སྒར་ཁྲོམ་གྱི་ ས་གནས་ས་ཁོངས་འཆར་གཞི་ཅིག་ཨིན་མི་ རྒྱལ་པོའི་ཞིང་ཁྲོམ་ཁར་ ཁྱིམ་༢༠ དེ་ལས་ ཡ་ལྡི་ཡན་ལག་ཁྲོམ་ཁར་ ཁྱིམ་༡༨ ཡོདཔ་ཨིན་པས།

མོང་སྒར་ཁྲོམ་དེ་ ཁྲོམ་སྡེ་ཁ་པ་ཨིནམ་བཞིན་དུ་ ཁྲོམ་ཁར་ཉལ་ཁང་༣ དང་སྡོད་ཁང་༡ འབད་མི་ བཟའ་ཚང་ཅིག་སྡོད་མི་ ཁྱིམ་རེ་ལུ་ ལོ་བསྟར་བཞིན་དུ་ ཁྲལ་དངུལ་ཀྲམ་༧༥ རེ་དང་ ཉལ་ཁང་༢ དང་སྡོད་ཁང་༡ འབད་མི་ལུ་ དངུལ་ཀྲམ་༥༠ དེ་ལས་ ཉལ་ཁང་༡ འབད་མི་དང་སྡོད་ཁང་༡ འབད་མི་ལུ་དངུལ་ཀྲམ་༢༥ རེ་ དེ་ལས་ སྡོད་ཁང་མེད་པར་ཉལ་ཁྱིམ་༡ འབད་མི་ལུ་ ལོ་བསྟར་བཞིན་དུ་ ཁྲལ་དངུལ་ཀྲམ་༡༥ རེ་ ཕོག་ནི་ཨིན་པས།

ཡ་ལྡི་ཡན་ལག་ཁྲོམ་དེ་ ཁྲོམ་སྡེ་ག་པའི་ནང་ ཚུད་ནི་དེ་གིས་ ཁྲལ་གྱི་ཚད་ཡང་ དུམ་གྲ་ཅིག་ ཉུང་སུ་སྦེ་ཡོདཔ་ཨིན་པས།

ཁྱིམ་གུང་པ་༢༣༠ དེ་ཅིག་ལས་ ལོ་བསྟར་ཁང་ཁྲལ་དེ་ དངུལ་ཀྲམ་༦༥,༠༠༠ ལྷགཔ་ཅིག་ ཐོན་དོ་ཡོདཔ་ད་ སྤྱི་ལོ་༢༠༡༤ ལས་༢༠༢༠ ཚུན་ ཁྲལ་བསྡོམས་དངུལ་ཀྲམ་༤༠༠ས༠༠༠ དེ་ཅིག་ བསྡུ་ཚུགས་པའི་ སྔོན་རྩིས་བཏོན་ཡོདཔ་ཨིན་པས།

མ་གཞི་ ཁྲལ་དེ་ འབོར་ཆེ་ཏོག་ཏེ་མེད་རུང་ ལོ་༦ གི་ཁྲལ་སྟབས་གཅིག་གུ་ གཞུང་གི་འོང་འབབ་རྩིས་ཁྲ་ནང་ཚངམ་སྦེ་ བཙུགས་དགོ་པའི་སྐོར་ གྲོས་འཆམ་བྱུང་ཡོདཔ་ད་ ཁྲོམ་ཁར་ ཁྲོམ་རྙིངམ་གི་ ཁྱིམ་ཚུ་མ་བརྩིས་བར་ ཁྲོམ་གསར་པའི་ སྒྲིང་ཁྱིམ་ལ་ལོ་ཅིག་ ལོ་༢༠ ལྷག་ཡོདཔ་ལས་ ཁྲལ་བསྡུ་ནིའི་ དུས་ཚོད་ལས་ ཕྱི་སོ་ནུག་ཟེར་ ལུང་ཕྱོགས་མདོ་ཆེན་གྱིས་ བཤདཔ་ཨིན་པས།

ཨིན་རུང་ སྟབས་མ་བདེ་བའི་ གནད་ལུ་བརྟེན་ སྤྱི་ལོ་༢༠༡༤ ལས་ཚུར་རྐྱངམ་གཅིག་ བཞག་མི་དེ་ གནད་དོན་སེལ་ནི་དང་ ད་ལས་ཕར་ ལོ་བསྟར་ཁྲོམ་གྱི་ ཁང་ཁྲལ་བསྡུ་ལན་ལམ་ལུགས་ གཞི་བཙུགས་འབད་ནིའི་དོན་ལུ་ཨིན་ཟེར་ ལུང་ཕྱོགས་མདོ་ཆེན་གྱིས་ བཤདཔ་ཨིན་པའི་གནས་ཚུལ། 

ཚེ་རིང་རྣམ་རྒྱལ། མོང་སྒར།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *