སི་སི་ཊི་བི་པར་ཆས་ གཞི་བཙུགས་འབད་ནི་ཨིན་མི་ མོང་སྒར་ཁྲོམ།

མོང་སྒར་ཁྲོམ་ཁར་ སི་སི་ཊི་བི་པར་ཆས་ཚུ་ གཞི་བཙུགས་འབད་ནི།

༉ མོང་སྒར་ཁྲོམ་གྱི་ ས་ཁོངས་ལྟེ་བའི་ནང་ ཉེན་སྲུང་གི་དོན་ལུ་ སི་སི་ཊི་བི་པར་ཆས་ གཞི་བཙུགས་འབད་བའི་བསྒང་ལས་ ས་ཁོངས་དེ་ནང་ ཁྱད་རིག་ལྡན་པའི་ཁྲོམ་གྱི་བསམ་གཞི་ལུ་ གཞི་བཞག་སྟེ་བཟོ་མི་ ཁྲོམ་གྱི་མཐུན་རྐྱེན་ཚུ་ ཚང་ནི་ཨིན་པས།
མོང་སྒར་ཁྲོམ་ལྟེ་བ་དེ་ མོང་སྒར་ཁྲོམ་གྱི་འོག་ལུ་ ས་གནས་ས་ཁོངས་འཆར་གཞི་༧ ཡོད་པའི་ནང་ལས་ གཅིག་ཨིནམ་ད་ ཁྲོམ་སྡེའི་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ པར་ཆས་བཙུགས་ཚར་བའི་ཤུལ་ལས་ སྤྲོ་གསེང་ས་ཁོངས་དང་ མེ་ཏོག་ལྡུམ་ར་ལ་སོགས་པའི་ རང་བཞིན་གནས་སྟངས་ལུ་མ་གནོད་པའི་གོང་འཕེལ་ མཐུན་རྐྱེན་ཚུ་བདག་འཛིན་འཐབ་ནི་ལུ་ ས་གནས་ཀྱི་མི་ཚུ་ལུ་ འགན་འཁྲི་སྤྲོད་ནི་དང་ མི་མང་ཉེན་སྲུང་ གཙང་སྦྲ་དང་ལྡན་པའི་འཐུང་ཆུ་ དེ་ལས་ གཙང་སྦྲ་འཕྲོད་བསྟེན་ལ་སོགས་པའི་ མཐུན་རྐྱེན་ཚུ་ ཚང་འོང་ཟེར་ཨིན་པས།
རྫོང་ཁག་གིས་ པར་ཆས་ཚུ་ བཙུགས་ནིའི་དོན་ལུ་ ཚོད་བསྲེ་ཁྲོམ་དང་ གླ་འཁོར་བཞག་ས་ གླིང་ག་ མི་མང་རྩེད་ཐང་ དེ་ལས་ རྫོང་གི་འཛུལ་སྒོ་ཚུ་བརྩིས་ཏེ་ མི་མང་ས་ཁོངས་༡༨ དེ་ཅིག་ ངོས་འཛིན་འབད་ཡོདཔ་ཨིན་པས།
ཁྲོམ་སྡེའི་ བཟོ་རིག་བཀོད་ཁྱབ་གཙོ་འཛིན་འགོ་དཔོན་འོགམ་ རམ་བྷ་དུར་ དར་ཇི་གིས་ སླབ་མིའི་ནང་ པར་ཆས་བཙུགས་ནིའི་དོན་ལུ་ རིན་བསྡུར་གྱི་དུས་ཚོད་དེ་ སྤྱི་ཟླ་འདི་ འགོ་བཙུགས་ཁམས་ལས་ སྒོ་ཕྱེས་ཡོདཔ་བཞིན་དུ་ སྤྱི་ཟླ་༡༡ པའི་བདུན་ཕྲག་དང་པའི་ནང་ ཁག་འབགཔ་ལུ་ སྤྲོད་ཚུགས་པའི་རེ་བ་ཡོད་ཟེར་ ཨིན་པས།
བཟོ་རིག་འགོ་དཔོན་གྱིས་ སླབ་མིའི་ནང་ གཞི་བཙུགས་ཀྱི་ལཱ་ཚུ་ སྤྱི་ཟླ་༡༢ པའི་ནང་ མཇུག་བསྡུ་ནི་ཨིནམ་བཞིན་དུ་ དེ་གིས་ མི་མང་གི་ཉེན་སྲུང་དང་ དེ་གི་ནང་ལས་ ཁྲོམ་ཁར་ རིན་གོང་སྦོམ་གནས་པའི་ ཤིང་དང་མེ་ཏོག་བཙུགས་ཡོད་མི་ཚུ་ ལྟ་རྟོག་འབད་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
པར་ཆས་ཚུ་ཡང་ ཁྲིམས་སྲུང་འགག་སྡེ་གིས་ བདག་འཛིན་འཐབ་ནི་ཨིན་པས།
ཁྲོམ་མཛེས་ཆ་དང་ལྡན་ཏོག་ཏོ་བཟོ་ནིའི་དོན་ལུ་ རྫོང་ཁག་གིས་ ཁྲོམ་གྱི་ས་ཁོངས་ནང་དང་ ཉེ་འདབས་ལུ་ ས་ཁོངས་ཁག་༢༠ ལྷགཔ་ཅིག་ ངོས་འཛིན་འབད་ཞིནམ་ལས་ ཤིང་དང་མེ་ཏོག་གི་རིགས་ཚུ་ འཛུགས་སྐྱོང་འབད་ཞིནམ་ལས་ ཞི་གཡོགཔ་དང་ ཁྲོམ་ཁར་སྡོད་མི་ཚུ་ སྡེ་ཚན་ཁག་བཟོ་སྟེ་ བདག་འཛིན་འཐབ་ནིའི་འགན་ཁུར་ སྤྲོད་ཡོདཔ་ད་ ཁོང་གིས་ བདུན་ཕྲག་གི་ རེས་གཟའ་པ་སངས་ཨ་རྟག་ར་ ཉམས་བཅོས་ཀྱི་ལཱ་ཚུ་ འབད་དོ་ཡོདཔ་ཨིན་པས།
མོང་སྒར་ཁྲོམ་ལྟེ་བའི་ས་ཁོངས་ནང་ ས་ཚན་༣༨༠ དེ་ཅིག་ ཐོ་བཀོད་འབད་ས་ལས་༥༦ རྐྱངམ་གཅིག་ནང་ སྒྲིང་ཁྱིམ་ཚུ་རྐྱབ་སྟེ་ཡོདཔ་ད་ མོང་སྒར་ལུ་ ཁྱིམ་མ་ལང་པའི་དཀའ་ངལ་ཡོད་མི་ལུ་བརྟེན་ ལ་ལུ་ཅིག་གིས་ ཝེང་མཁར་དང་ སྐྱིད་བདེ་མཁར་ལས་ཕར་ ལཱ་འབད་བར་འགྱོ་དོ་ཡོདཔ་ཨིན་པས།
དེ་མ་ཚད་ ཁྱིམ་མ་ལང་པའི་དཀའ་ངལ་ལུ་བརྟེན་ ཁང་གླ་དང་ ཅ་ཆས་ཀྱི་གོང་ཚད་ཚུ་ཡང་ ཡར་སེང་སོང་ཡོདཔ་ད་ ཚོང་ཁང་གི་ཁང་གླ་ཚུ་ འདས་པའི་ལོ་དག་པ་ཅིག་གི་ཧེ་མར་ སྟོང་ཕྲག་༡༠,༠༠༠ འོག་རྒྱུ་ཡོད་མི་ལས་ དངུལ་ཀྲམ་༣༠,༠༠༠ ཚུན་ ཡར་སེང་སོང་ཡོདཔ་ད་ ཟ་ཁང་གླ་ཁར་ལེན་པ་ཅིན་ མཐོ་ཤོས་ཟླ་རིམ་བཞིན་དུ་ དངུལ་ཀྲམ་༡༥༠,༠༠༠ ཚུན་ ལྷོད་ཡོདཔ་ཨིན་པས།
མོང་སྒར་ཁྲོམ་ཁར་སྡོད་མི་ རྣམ་རྒྱལ་གྱིས་ སླབ་མིའི་ནང་ འདས་པའི་ལོ་དག་པ་ཅིག་ནང་ ཁྲོམ་ཁར་སྣུམ་འཁོར་གྱི་གྱངས་ཁ་ཡང་ ཡར་སེང་སོང་ཡོདཔ་ད་ ད་རེས་ནངས་པར་ འཕྲལ་འཕྲལ་ སྣུམ་འཁོར་བཞག་ས་ཡང་ མི་ཐོབ་པས་ཟེར་ཨིན་པས།
ཁྲོམ་ཁར་སྡོད་མི་ཚུ་དང་འཁྲིལཝ་ད་ ཁྲོམ་ཁར་ ཁྱིམ་མ་ཐོབ་མི་དང་ ཁང་གླ་ཡར་སེང་སོང་མི་དེ་ཡང་ ས་ཚན་ཡོད་མི་ཚུ་གིས་ ཁྱིམ་མ་རྐྱབ་མི་ལུ་བརྟེན་ཨིནམ་ད་ གལ་སྲིད་ཁྱིམ་རྐྱབ་པ་ཅིན་ དཀའ་ངལ་དེ་ བསལ་ཚུགས་ཟེར་ཨིན་པས།
ཨིན་རུང་ འཕྲལ་ཁམས་ཅིག་ལས་ ཁྲོམ་ཁར་ ད་རུང་ ས་གནས་ས་ཁོངས་འཆར་གཞི་༢ ཆ་འཇོག་འབད་ཡོདཔ་ལས་ བཟོ་སྐྲུན་གྱི་ལཱ་ཚུ་ འགོ་བཙུགས་པ་ཅིན་ དཀའ་ངལ་བསལ་ཚུགས་པའི་རེ་བ་འདུག།
ས་གནས་ས་ཁོངས་འཆར་གཞི་༢ ཡང་ ས་ཚན་༡༨༢ འབད་མི་ སྤྲེལ་གླིང་དང་ ས་ཚན་༨༢ འབད་མི་ བྱ་རུང་ཁ་ཤོར་ས་ཁོངས་༢ ཨིནམ་ད་ ས་ཁོངས་༢ ཞབས་ཏོག་ལྷན་ཁག་ལས་ དུས་ཅི་ སྤྱི་ཟླ་༩ པའི་ཚེས་༡༢ ལུ་ གནང་བ་ཐོབ་ནུག།
ཨིན་རུང་ ལྕང་ཤིང་པེག་དང་ ན་གླིང་ དེ་ལས་ ཡ་ལྡི་གི་ས་གནས་ས་ཁོངས་ཚུ་ སང་ཕོད་ལོ་འགོ་བཙུགས་ཁམས་ལས་ བསྐྱར་ཞིབ་འབད་ནིའི་ འཆར་གཞི་འདུག།
དེ་བཟུམ་སྦེ་ རྒྱལ་པོའི་ཞིང་ས་གནས་ས་ཁོངས་འཆར་གཞིའི་ལཱ་ཚུ་ འགོ་བཙུགས་ཏེ་ བརྒྱ་ཆ་༦༥ དེ་ཅིག་ མཇུག་བསྡུ་ཡོདཔ་ད་ ཁྲོམ་སྡེའི་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ མཐུན་རྐྱེན་གོང་འཕེལ་གྱི་ ལཱ་ཚུ་གི་གྲས་ལས་ ཁྲོམ་ལམ་བསལ་ནི་དེ་ མཇུག་བསྡུ་ཡོད་རུང་ གློག་མེ་བཙུགས་ནིའི་ལཱ་ཚུ་ འབད་བའི་བསྒང་ཡོདཔ་ད་ འཐུང་ཆུ་བཀྲམ་སྤེལ་དང་ བཙོག་གཡུར་མཐུད་སྦྲེལ་གྱི་ལཱ་ཚུ་ སང་ཕོད་འབད་ནི་ཨིན་པས།
ཡོངས་གྲགས་ལུ་ ཤར་ཕྱོགས་ཀྱི་ཁྲོམ་སྡེ་ལྟེ་བ་ཟེར་ དར་ཁྱབ་སོང་ཡོད་མི་ མོང་སྒར་ཁྲོམ་དེ་ འདས་པའི་ལོ་ཚུ་ནང་ ཚལ་མའི་ནང་ གཟན་དོམ་ཚུ་གིས་ གང་ཡོད་པའི་ཁར་ ཁྱིམ་སྦ་སྒོར་དག་པ་ཅིག་ལས་མེད་མི་དེ་ གཞན་དང་མ་འདྲཝ་སྦེ་ གོང་འཕེལ་སོང་ཡོདཔ་ཨིན་པས།
སྤྱི་ལོ་༡༩༩༦ ལས་༢༠༠༣ ཚུན་ མོང་སྒར་ཁྲོམ་སྡེ་འཐུས་མི་འབད་མི་ སྐྱེས་ལོ་༦༥ ལང་མི་ ཚེ་དབང་རིག་འཛིན་གྱིས་ བཤད་མིའི་ནང་ སྤྱི་ལོ་༡༩༨༢ ལུ་ མི་དབང་འབྲུག་རྒྱལ་༤ པ་མཆོག་གིས་ མོང་སྒར་ལུ་ རྒྱལ་ཡོངས་དུས་ཆེན་ནང་བྱོན་པའི་སྐབས་ ཚོང་པ་ཚུ་ལུ་ ས་དང་ཤིང་གི་སྐྱིད་སྡུག་ མ་གནང་པའི་ཧེ་མར་ ཁྲོམ་ཁར་སྦ་སྒོར་གྱི་ཚོང་ཁང་༡༠ དེ་ཅིག་ལས་མེད་མི་ཚུ་གིས་ རང་ལུགས་ཀྱི་ཁྱིམ་ རྐྱབ་ནི་འགོ་བཙུགས་ཅི་ཟེར་ ཨིན་པས།
དེ་གི་ཤུལ་ལས་ སྤྱི་ལོ་༡༩༩༨ ལུ་ ད་རུང་ མི་དབང་མཆོག་གིས་ མོང་སྒར་ལུ་ ཚོང་པ་ཚུ་ལུ་ མཇལ་ཕྲད་གནང་པའི་ཤུལ་ལས་ བཀའ་ཡི་གནང་བ་དང་འཁྲིལ་ ད་ལྟོའི་ས་ཁོངས་ནང་ ཚོང་པ་༣༢ ལུ་ ས་ཚན་ཚུ་ བགོ་བཀྲམ་འབད་ཡོདཔ་མ་ཚད་ ཤིང་གི་སྐྱིད་སྡུག་གནང་སྟེ་ ད་ལྟོ་ཡོད་མི་སྒྲིང་ཁྱིམ་ཚུ་ རྐྱབ་ནི་འགོ་བཙུགས་ཡི་ཟེར་ཨིན་པས།
ཁྲོམ་གྱི་ ཚོང་པ་ལ་ལུ་ཅིག་གིས་ སླབ་མིའི་ནང་ རྒེད་འོག་ལྟེ་བ་དང་ སོ་ནམ་ཞིང་ལམ་ཚུ་ལུ་བརྟེན་ ཚོང་པ་དང་ཚོང་ཉོ་མི་ཚུ་གིས་ ཕྲངམ་ཕྲང་སར་ དྲོ་པ་འོང་ཞིནམ་ལས་ སྦུང་ཚོང་རྐྱབ་མི་ཚོང་ཁང་ཚུ་ནང་ལས་ ཉོ་འབག་ནི་དེ་གིས་ ཚོང་ཁང་ཆུང་ཀུ་ཚུ་ལུ་ ཐོ་ཕོག་སྟེ་ཡོད་ཟེར་ཨིན་པས།
ཨིན་རུང་ ཟ་ཁང་རྐྱབ་མི་རེ་གཉིསམ་གིས་ རྒྱལ་པོའི་ཞིང་དང་ ངང་ལམ་བར་ནའི་ གཞུང་ལམ་དང་ ནུབ་ཕྱོགས་དང་ ཤར་ཕྱོགས་ཀྱི་གཞུང་ལམ་ རྒྱ་སྐྱེད་འབད་བའི་ཤུལ་ལས་ ཐིམ་ཕུག་དང་ ཕུན་ཚོགས་གླིང་ལས་ ཕྲངམ་ཕྲང་སར་ མོང་སྒར་ལུ་ལྷོད་ནི་དེ་གིས་ ཚོང་ལཱ་ལུ་ ཕན་ཐོགས་པས་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ། མོང་སྒར།

 

About admin

Check Also

གསོ་བའི་ཞབས་ཏོག་ ཡུན་བརྟན་བཞག་ནིའི་དོན་ལུ་ ཞབས་ཏོག་ཚུལ་མཐུན་ལེན་དགོཔ།

༉ འབྲུག་གི་རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ ད་ལྟོ་ རྒྱལ་ཁབ་ནང་ གསོ་བའི་ཞབས་ཏོག་ཚུ་ བར་མ་ཆད་པར་ རིན་མེད་སྟོང་པར་སྦེ་ སྤྲོད་བཞིན་དུ་ཡོད་རུང་ མ་འོངས་པར་ ཞབས་ཏོག་ཚུ་ ག་དེ་སྦེ་ ཡུན་བརྟན་བཞག་ཚུགས་འོང་ག་ཟེར་བའི་ ཚ་གྱང་ཡོདཔ་ཨིན་པས། མ་གཞི་ …

Leave a Reply

Your email address will not be published. Required fields are marked *