ཁ་ཙ་ཕྱི་རུ་ མོང་སྒར་ཁྲོམ་ཁར་ མི་ཚུ་གིས་ ག་ཐོབ་རྐྱབ་སྟེ་ ཉོ་ཚོང་རྐྱབ་པའི་བསྒང་།

མོང་སྒར་ཁྲོམ་ཁར་ མི་ཚུ་གིས་ ག་ཐོབ་རྐྱབ་སྟེ་ ཉོ་ཚོང་རྐྱབ་པར་འོང་ཡོདཔ།

༉ པདྨ་དགའ་ཚལ་ལས་ མོང་སྒར་ལུ་ ལཱ་གི་ས་ཁོངས་ལྟ་རྟོག་འབད་བར་འོང་མི་ ཁག་འབགཔ་ཅིག་དང་ ཁོ་རའི་གནས་ཚང་དེ་ རྒྱལ་ས་ལྟེ་བ་ལུ་ འགྲོ་འགྲུལ་བཀག་དམ་སྐོར་ལས་ གནས་ཚུལ་གོཝ་ཅིག་ ཁ་ཙ་ར་ ལོག་ཁོང་རའི་རྫོང་ཁག་ནང་ སོང་ཡོདཔ་ཨིན་པས།

ཕོ་སྐྱེས་དེ་གིས་ ཁྲོམ་ཁར་ སྒྲིག་གཡོག་ནང་ཡོད་མི་ འགག་སྡེའི་དམག་མི་ཅིག་ལུ་ མོང་སྒར་ལུ་ཡང་ འགྲོ་འགྲུལ་བཀག་དམའབད་ནིའི་ ཉེན་ཁ་ཡོད་མེད་སྐོར་ལས་ ལོ་རྒྱུས་དྲིས་བའི་སྐབས་ སླབ་མི་ཤེས་ཟེར་ ལན་གོ་བའི་ཤུལ་ལས་ ཚ་གྱང་ལང་སྟེ་ དེ་འཕྲོ་ལས་ ལོག་པདྨ་དགའ་ཚལ་ལུ་འགྱོ་ནི་སྦེ་ ཐག་བཅད་ཡོདཔ་ཨིན་པས།

དེ་བཟུམ་སྦེ་ ནད་ཡམས་ཐོབ་མི་ སྐྱེས་ལོ་༢༥ ལང་མི་དང་ འབྲེལ་བ་འཐབ་མི་ ཨམ་སྲུ་ཅིག་ ཀྲོང་གསར་ལུ་ལྷོད་ནུག་ཟེར་བའི་ གནས་ཚུལ་གོ་བའི་ཤུལ་ལས་ ཁ་ཙ་ མོང་སྒར་ཁྲོམ་ཁར་ ཉོ་ཚོང་རྐྱབ་མིའི་གྱངས་ཁ་ ཨ་རྟག་དང་ཕྱདཔ་ད་ ཡར་སེང་སོང་སྟེ་ འུར་བྱེལ་འཐབ་སར་མཐོང་ཡི།

མོང་སྒར་རི་ད་ཟ་ལས་ཨིན་མི་ བཀྲ་ཤིས་ཕུན་ཚོགས་དེ་ཡང་ ཁ་ཙ་ ཆུམ་དང་བཟའ་འཐུང་གི་རིགས་ཚུ་ ཉོ་འབག་སར་མཐོང་ཡོདཔ་ད་ ཁོ་གིས་ སླབ་མིའི་ནང་ ཟ་ཆས་ཚུ་ གྲ་སྒྲིག་འབད་བཞག་མི་དེ་ཡང་ གལ་སྲིད་ རྫོང་ཁག་ནང་ཡང་ འགྲོ་འགྲུལ་བཀག་དམ་འབད་བ་ཅིན་ འདས་པའི་འགྲོ་འགྲུལ་བཀག་དམ་སྐབས་ ལཱ་ཁག་རྐྱབ་ཡོད་པའི་ ཉམས་མྱོང་ལུ་བརྟེན་ཨིན་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ རྒྱལ་ཁབ་ནང་ ཧང་སྟོང་མར་ འགོ་ཐོག་གི་ འགྲོ་འགྲུལ་བཀག་དམ་འབད་བའི་སྐབས་ ཁྱིམ་ནང་ཆུམ་མེད་པར་ ཉིནམ་༢ ཀེ་བ་བཙོ་སྟེ་ ཟ་སྡོད་ཡི་ཟེར་ཨིནམ་ད་ ཆུམ་མཁོ་འདོད་བཀོད་རུང་ ས་གོ་གཅིག་ནང་ལས་ལེན་མི་ གཞན་མིན་འདུག་ཟེར་ མགྱོགས་པར་བསྐྱལ་མ་བྱིན་པའི་ གནས་སྟངས་བྱུང་དོ་བཟུམ་སྦེ་ མི་འབྱུང་ནིའི་དོན་ལུ་ཨིན་ཟེར་ ཨིན་པས།

མོང་སྒར་ཁྲོམ་ཁར་ ཟ་ཆས་ཚུ་བཙོང་མི་ ཚོང་པ་ཅིག་ཨིན་མི་ བཀྲ་ཤིས་ཀྱིས་ སླབ་མིའི་ནང་ ཧེ་མ་དང་ཕྱདཔ་ད་ བཟའ་འཐུང་གི་རིགས་ཉོ་མི་ ལེ་ཤ་འོང་ཡི་ཟེར་ཨིན་པས།

མོང་སྒར་ཁྲོམ་ཁར་ ཟ་ཆས་བཙོང་མི་ཚོང་ཁང་ ཡོངས་གྲགས་ཅིག་ཨིན་མི་ བཀྲིས་དབང་རྒྱལ་ཚོང་ཁང་གི་ ཚོང་པ་ པདྨ་གིས་ སླབ་མིའི་ནང་ ཨ་རྟག་དང་ཕྱདཔ་ད་ མི་ཚུ་གིས་ ག་ཐོབ་རྐྱབ་སྟེ་ ཚོང་ཉོ་བར་འོང་མི་དེ་ཡང་ འགྲོ་འགྲུལ་བཀག་དམ་གྱི་ཚ་གྱང་ཨིན་ན་ ཡང་ཅིན་ ཤར་ཕྱོགས་པའི་ ལོ་གསར་བརྩི་སྲོལ་ཡོད་མི་ ངན་པ་དགུ་འཛོམས་དེ་ ད་རིས་ཨིནམ་ལས་ སླབ་མ་ཤེས་ཟེར་ ཨིན་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ། མོང་སྒར།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *