༉ མོང་སྒར་ཁྲོམ་དང་ རྒྱལ་པོའི་ཞིང་ཁྲོམ་ཁར་ ལུང་ཕྱོགས་ཁག་གི་ཡིག་ཚང་དང་ ལས་སྡེ་ཁག་ཚུ་ནང་ ལཱ་འབད་མིའི་གྱངས་ཁ་ ཡར་སེང་སོང་མི་ལུ་བརྟེན་ སྡོད་ཁྱིམ་མ་ལང་པའི་དཀའ་ངལ་ སྦོམ་སྦེ་ར་ བྱུང་དོ་ཡོདཔ་ཨིན་པས།
དེ་འབདཝ་ལས་ འཕྲལ་ཁམས་ཅིག་ཁར་ མོང་སྒར་གྱི་ རྫོང་ཁག་ཚོགས་འདུ་འཚོགས་པའི་སྐབས་ མོང་སྒར་ཁྲོམ་སྡེའི་འཐུས་མི་ངོ་ཚབ་ རྣམ་རྒྱལ་རྡོ་རྗེ་གིས་ མོང་སྒར་ཁྲོམ་དང་ རྒྱལ་པོའི་ཞིང་ཁྲོམ་ཁར་ ཁྱིམ་མ་ལང་པའི་ དཀའ་ངལ་སེལ་ཐབས་ལུ་ སའི་ཇོ་བདག་ཚུ་གིས་ ཁྱིམ་རྐྱབ་དགོཔ་ གལ་ཆེ་བས་ཟེར་ཞུ་ཡི།
མོང་སྒར་ཁྲོམ་ནང་འབད་བ་ཅིན་ སའི་ཇོ་བདག་ཚུ་ ག་ཏེ་སྡོད་ཡོདཔ་ཨིན་ན་ མ་ཤེསཔ་ལས་ སྟབས་མ་བདེཝ་ཐོན་སྟེ་ཡོད་ཟེར་ཨིན་པས།
རྣམ་རྒྱལ་རྡོ་རྗེ་གིས་ སྤྱི་ལོ་༢༠༠༢ དེ་ཅིག་ཁར་ མོང་སྒར་ཁྲོམ་གྱི་ཉེ་འདབས་ལུ་ གཞུང་ས་ཅིག་ནང་ རྒྱལ་ཡོངས་ཟུར་ཕོགས་དང་འཚོ་རྟེན་མ་དངུལ་ཚད་འཛིན་གྱིས་ ཁྱིམ་བཟོ་སྐྲུན་འབད་ནི་སྦེ་ གྲོས་བསྟུན་འབད་བའི་སྐབས་ ཁྲོམ་སྡེ་གིས་ རྐྱབ་མ་དགོཔ་སྦེ་ སླབ་སྟེ་ཡོད་ཟེར་ གསལ་ཞུ་འབད་ཡི།
དེ་བསྒང་ ཁྲོམ་ནང་ ཁྱིམ་རྐྱབ་པའི་བསྒང་ཡོདཔ་མ་ཚད་ ཁང་གླ་ཁར་སྡོད་མི་ཡང་ ཚད་གཅིག་ལས་བརྒལ་ མེད་མི་ལུ་བརྟེན་ཨིནམ་ད་ ཨིན་རུང་ ད་རེས་ནངས་པར་ ལུང་ཕྱོགས་ཁག་གི་ཡིག་ཚང་དང་ ལས་སྡེ་ཁག་ དེ་ལས་ ཚོང་ཁང་ལ་སོགས་པ་ཚུ་ ཡར་སེང་སོང་མི་ལུ་བརྟེན་ མི་ཚུ་ གིས་ ཁྱིམ་འཐོབ་མི་ཚུགས་པས་ཟེར་ཨིན་པས།
ཁྱིམ་མ་འཐོབ་པའི་ དཀའ་ངལ་ལུ་བརྟེན་ རྒྱལ་པོའི་ཞིང་ཁྲོམ་ནང་ ལཱ་འབད་མི་ཚུ་ གླིང་མི་ཐང་ལུ་ སྡོད་དོ་ཡོདཔ་ད་ དེ་བཟུམ་སྦེ་ མོང་སྒར་ལུ་ ལཱ་འབད་མི་ཚུ་ ཝེང་མཁར་དང་ སྐྱིད་བདེ་མཁར་ལུ་ སྡོད་དོ་ཡོདཔ་ཨིན་པས།
མོང་སྒར་ཁྲོམ་དང་ རྒྱལ་པོའི་ཞིང་ཁྲོམ་ནང་ ས་ཡོད་མི་ ཇོ་བདག་ཚུ་གིས་ ཁྱིམ་བཟོ་སྐྲུན་འབད་དགོཔ་མ་ཚད་ རྒྱལ་ཡོངས་ཟུར་ཕོགས་དང་འཚོ་རྟེན་མ་དངུལ་ཡིག་ཚང་དང་ རྒྱལ་ཡོངས་ཁྱིམ་བཟོ་གོང་འཕེལ་ཚད་འཛིན་ཡིག་ཚང་༢ ལས་ ག་འབད་རུང་ཅིག་ལུ་ གཞུང་ས་སྟོངམ་ཚུ་ནང་ ཁྱིམ་བཟོ་སྐྲུན་འབད་ཆོག་པའི་གནང་བ་ སྤྲོད་དགོ་པའི་གྲོས་འབུལ་ ཁྲོམ་སྡེ་ངོ་ཚབ་ཀྱིས་ ཕུལ་ཡི།
མོང་སྒར་རྒེད་འོག་གི་ རྒཔོ་གིས་ ཞི་གཡོགཔ་དང་ ས་གནས་གཞུང་གི་འགོ་ཁྲིདཔ་ དེ་ལས་ དངུལ་ཕོགས་ཉུང་སུ་ ཐོབ་མི་ཚུ་གི་དོན་ལུ་ རྫོང་ཁག་གཞན་ཁར་བཟུམ་སྦེ་ གཞུང་གིས་ ཁྱིམ་རྐྱབ་གནང་པ་ཅིན་ དཀའ་ངལ་སེལ་ཚུགས་ནི་མས་ཟེར་ཨིན་པས།
རྫོང་བདག་ཨྱོན་བསོད་ནམས་ཀྱིས་འབད་བ་ཅིན་ མོང་སྒར་ཁྲོམ་ནང་ ས་ཐོབ་མི་ཚུ་གིས་ ལོ་༣ གྱི་ནང་འཁོད་ལུ་ ཁྱིམ་རྐྱབ་དགོ་པའི་ བཀའ་རྒྱ་གནང་ཡོད་པའི་ ལོ་རྒྱུས་ཡོད་ཟེར་ཨིན་པས།
དེ་བཟུམ་སྦེ་ རྒྱལ་ཡོངས་ཁྱིམ་བཟོ་གོང་འཕེལ་ལས་འཛིན་དང་ རྒྱལ་ཡོངས་ཟུར་ཕོགས་དང་འཚོ་རྟེན་མ་དངུལ་གྱིས་ གཞུང་ས་ནང་ ཁྱིམ་བཟོ་སྐྲུན་འབད་ནིའི་དོན་ལུ་ གཞུང་ས་སྟོངམ་ཨེ་ཀར་༢ འཚོལ་བཞག་སྟེ་ཡོད་ཟེར་ཨིན་པས།
རྫོང་ཁག་གིས་ ངོས་འཛིན་འབད་ཡོད་པའི་ གཞུང་ས་ནང་ ལས་འཛིན་༢ ག་གིས་འབད་རུང་ ཁྱིམ་བཟོ་སྐྲུན་འབད་ནིའི་དོན་ལུ་ རྫོང་ཁག་བདག་སྐྱོང་གིས་ རྒྱབ་སྐྱོར་འབད་དགོ་པའི་གྲོས་ཆོད་ རྫོང་ཁག་ཚོགས་འདུ་གིས་བཏོན་ཡོད་པའི་གནས་ཚུལ།
མོང་སྒར་ལས་ བཀྲིས་ཕུན་ཚོགས།