སྨན་བཅོས་རིམ་གྲོ་འབད་བར་འོང་མི་ ནདཔ་ཚུ་གིས་བཟོ་མི་ སྦ་སྒོར་ཚུ།

མོ་རོང་བླམ་གིས་ ནདཔ་ཚུ་ལུ་ ཕན་ནུས་ཆེ་བའི་ སྨན་བཅོས་འབད་དོ་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ མོ་རོང་ལུ་ ཡོངས་གྲགས་ཅན་གྱི་ མོ་རོང་རིན་པོ་ཆེ་ ཞིང་ལུ་ཕེབས་ཏེ་ ལོ་དག་པ་ཅིག་སོང་ཡོད་རུང་ ཁོ་གི་ མཛད་བྱ་དང་ཤུལ་བཞག་ཚུ་ ད་ལྟོ་ཡང་ འབྲུག་མི་མང་ཤོས་ཅིག་གི་སེམས་ཁར་ དྲན་བཞིན་དུ་ཡོདཔ་ཨིན་པས།
དེ་ཡང་ མིང་གཏམ་ཆེ་ཤོས་ཅིག་དང་ སེམས་ཁར་བཞག་ཚུགས་མི་ཅིག་ བླམ་ལུ་ ནདཔ་ཚུ་གི་ སྨན་ཁང་ནང་ལས་ དྲག་མ་ཚུགས་པའི་ ནད་གཞི་ཚུ་ ནང་པའི་ཆོས་ཀྱི་ཐོག་ལས་ དྲག་ཚུགས་པའི་ནུས་པ་ ཡོད་ནི་དེ་གིས་ཨིན་པས།
སྨན་བཅོས་ཀྱི་དོན་ལུ་ བླམ་བསྟེན་མི་ཚུ་གི་གྲས་ལས་གཅིག་ ཨོ་རོང་རྒེད་འོག་ བ་ཚུང་གཡུས་ཚན་ནང་ལས་ སྐྱེས་ལོ་༧༢ ལང་མི་ རིན་འཛིན་ཨིནམ་ད་ ཁོ་གིས་ སླབ་མིའི་ནང་ ཁོ་ར་ ལོ་ངོ་མང་རབས་ཅིག་གི་རིང་ ཕྱག་ལྟག་ན་མི་དེ་ བླམ་བསྟེན་པའི་ཤུལ་ལས་ ལོ་༡ གི་ནང་འཁོད་ལུ་ར་ ཧིང་སངས་ས་སྦེ་ དྲག་ཅི་ཟེར་ཨིན་པས།
བླམ་མེད་པ་ཅིན་ ད་ལྟོ་ཡང་ ནཝ་ན་སར་ སྡོད་སྡོདཔ་འོང་ཟེར་ཨིནམ་ད་ གཞན་སྨན་བཅོས་ག་ཅི་གིས་ཡང་ མ་དྲག་མི་ནད་དེ་ ཡིད་ཆེས་སི་སི་སྦེ་ དྲག་ཅི་ཟེར་ཨིན་པས།
དེ་བཟུམ་སྦེ་ བཀྲ་ཤིས་གཡང་རྩེ་ལས་ཨིན་མི་ ནདཔ་ཅིག་ ད་རེས་ནངས་པ་ བསམ་གྲུབ་ལྗོངས་མཁར་ལུ་སྡོད་མི་ སྐྱེས་ལོ་༥༠ ལང་མི་ བཀའ་འགྱུར་དབང་འདུས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ བླམ་བཞུགས་པའི་སྐབས་ ཁོ་ར་ ཧང་སྟོང་མར་ རྐངམ་གཡོན་པ་སྐམ་པའི་ཁར་ རྐངམ་གཡསཔ་དང་ སྐེདཔ་ན་ནི་ རྐངམ་བརྐྱང་བསྐུམ་འབད་མ་བཏུབ་ ཐལ་བའི་ཤུལ་ལུ་ བླམ་དེ་གི་སྐོར་ལས་ གོ་ཡི་ཟེར་ཨིན་པས།
དེ་འཕྲོ་ལས་ མོ་རོང་ལུ་སོང་ཞིནམ་ལས་ ལྷ་ཁང་གི་འོག་ལུ་ གུར་ཅིག་སྤུབས་ཏེ་ སྡོད་ཡི་ཟེར་ཨིན་པས།
ཁོ་ར་ གཟུགས་སྤར་མ་ཚུགས་ནི་དེ་གིས་ དྲོ་པ་དང་ཕྱི་རུ་ ཨ་རྟག་ར་ བླམ་ལས་ ཁྲུས་གསོལ་དང་ ཞལ་སྔགས་ཞུ་སྟེ་ ཟླཝ་༡ ལངམ་ད་ དུམ་གྲ་ཅིག་ ལོང་ཚུགསཔ་མ་ཚད་ ཟླཝ་༢ ཀྱི་རྒྱབ་ལས་ གཟུགས་སྒྲིང་སྒྲི་སོང་ཡོདཔ་བཞིན་དུ་ ཟླཝ་༣ གྱི་རྒྱབ་ལས་ ཨ་རྟག་ཧར་ལུགས་སོང་སྟེ་ སེམས་དགའ་ཡི་ཟེར་ཨིན་པས།
ད་རུང་ བཀྲ་ཤིས་སྒང་ལས་ སྐྱེས་ལོ་༥༡ ལང་མི་ ཚེ་གཅིག་དེ་ཡང་ ལོ་ངོ་བཅུ་ཕྲག་༢ ལྷགཔ་ཅིག་གི་ཧེ་མར་ མགུ་འཁོར་ཏེ་ ནཝ་ན་སར་སྡོད་མི་ལུ་བརྟེན་ བླམ་ལས་ཁྲུས་གསོལ་ཞུ་ཞིནམ་ལས་ དྲག་ཅི་ཟེར་ཨིནམ་ད་ དེ་གི་ཤུལ་ལས་ མོ་གི་ ལྷ་ཁང་གི་སྦོ་ལོགས་ཁར་ སྦ་སྒོར་ཅིག་རྐྱབ་ཞིནམ་ལས་ གཏན་འཇགས་སྦེ་ ལྷ་ཁང་ནང་ མཆོདཔ་ཕུལ་བའི་ཁར་ མ་ཎི་བགྱང་སྡོད་ཡོདཔ་ཨིན་པས།
མི་ཚུ་གིས་ སླབ་མིའི་ནང་ དེ་བསྒང་ དགོན་པ་དེ་ སྨན་ཁང་ཆུང་ཀུ་ཅིག་བཟུམ་སྦེ་ ཉིན་བསྟར་བཞིན་དུ་ བླམ་མཇལ་བར་འོང་མི་ཚུ་གིས་མ་ཚད་ གཏན་འཇགས་སྦེ་ར་ མི་བརྒྱ་ལས་བཅད་མི་ཚུ་གིས་ གུར་སྤུབས་ཏེ་ རང་སོའི་ནདཔ་ཚུ་བཞག་ཞིནམ་ལས་ བླམ་བསྟེན་ནི་དེ་གིས་ ཨིན་ཟེར་ཨིན་པས།
དེ་བསྒང་ བླམ་ཡང་ ག་ཏེ་ཡང་མ་བྱོན་པར་ ནདཔ་ཚུ་གི་དོན་ལུ་ དགོན་པ་ནང་ར་ བཞུགས་ནི་ཡོད་ཟེར་ཨིན་པས།
བླ་མའི་གསང་ཡུམ་ བཀྲ་ཤིས་མཚོ་མོ་གིས་ དྲན་ཚོར་འབད་མིའི་ནང་ དེ་བསྒང་ སྡོད་སའི་དཀའ་ངལ་སྦོམ་ འཐོན་ནི་ཡོད་ཟེར་ཨིནམ་ད་ འགོ་ཐོག་ལུ་ མི་ཚུ་ གུར་སྤུབས་ཏེ་བཞག་ཡི་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ བླམ་དེ་ ནདཔ་ལུ་ཐུགས་བརྩེ་སྦོམ་ཡོད་མི་ཅིག་འབདཝ་ལས་ བླམ་ཁོ་ར་ལུ་ཡང་ གཟུགས་མ་བདེཝ་ཡོད་རུང་ བཞེས་སྒོ་ཡང་ དུས་ཚོད་ཁར་མ་བཞེས་པར་ ནདཔ་གི་དོན་ལུ་ ལྷ་ཁང་ནང་ སྡོད་ནི་ཡོད་ཟེར་ཨིན་པས།
བླམ་གིས་ སྨན་གྱི་རིགས་ཚུ་ ག་ནི་ཡང་བྱིན་ནི་མེད་རུང་ གཟའ་ཡིག་དང་ སྔགས་ཆུ་ ཁྲུས་གསོལ་ དེ་ལས་ ཞལ་སྔགས་ཚུ་ གནང་དོ་ཡོདཔ་ཨིན་པས།
བཅོ་ཁ་ཚུ་ཡང་ ནད་ཀྱི་རིགས་ཚུ་ལས་ འཆོལ་ནད་དང་ ཁ་བསྡམས་བཞག་མི་ རླུང་ཁམས་ཀྱི་ནད་ གཟའ་ཕོག་མི་ རྐང་ཚིགས་ལག་ཚིགས་ན་མི་ལ་སོགས་པ་ཚུ་ ཨིན་པས།
ནདཔ་ཚུ་གིས་ སླབ་མིའི་ནང་ བླམ་གིས་ ལྟཝ་ཅིག་ཤེས་ཏེ་ གལ་སྲིད་སྨན་ཁང་བསྟེན་དགོ་པའི་ནདཔ་ཅིག་ཨིན་པ་ཅིན་ དེ་འཕྲོ་ལས་ སྨན་ཁང་ནང་ འགྱོ་དགོཔ་སྦེ་ སླབ་ནི་ཡོད་ཟེར་ཨིན་པས།
ཡོངས་གྲགས་ལུ་ མོ་རོང་བླ་མ་འམ་ མོ་རོང་རིན་པོ་ཆེ་ཟེར་ཞུ་མི་ མང་ཤོས་ཅིག་གིས་ ཨ་ཙ་ར་རིན་པོ་ཆེའི་ སྤྲུལ་སྐུ་ཨིནམ་སྦེ་ བཤད་སྲོལ་ཡོད་མི་ བླམ་ཐུགས་རྟེན་དབང་འདུས་དེ་ བོད་ཁམས་སྡེ་བརྒྱད་ལས་ཨིན་མི་ གྲུབ་ཐོབ་བསྟན་འཛིན་འོད་ཟེར་ ཡོངས་གྲགས་ལུ་ སྒོར་འཛོམས་རིན་པོ་ཆེ་ཟེར་ཞུ་མིའི་ སྲས་ཨིན་པས།
གྲུབ་ཐོབ་བསྟན་འཛིན་འོད་ཟེར་དེ་ བོད་ཤར་དབུས་ལྷོ་ཕྱོགས་ཀྱི་ ས་གནས་མང་ཤོས་ཅིག་ནང་ རྣལ་འབྱོར་གྱི་ཆ་ལུགས་ཅན་སྦེ་ བཤལ་ཞིནམ་ལས་ ཤུལ་ལས་ པདྨ་བསྐོས་དང་ དེ་ལས་ བཀྲ་ཤིས་སྒང་ སག་སྟེང་ལུ་ བཞུགས་པའི་ཤུལ་ལས་ ཨོ་རོང་ འུ་གླིང་བསམ་གཏན་ཆོས་གླིང་ལྷ་ཁང་བཞེངས་ཏེ་ གདན་ས་བཅགས་ནུག།
བླམ་ཐུགས་རྟེན་དབང་འདུས་ཀྱིས་ མོ་རོང་ལུ་ གདན་ས་བཅགས་ཏེ་ ཡབ་ཀྱི་ཆོས་འཕྲོ་མཐུད་དེ་ བདག་འཛིན་འབད་བཞུགས་ནུག།
མ་གཞི་བླམ་དེ་ སྤྱི་ལོ་༢༠༡༣ ལུ་ ཞིང་ལུ་ཕེབས་ཡོད་རུང་ ད་རེས་ནངས་པ་ བླ་མའི་སྐུ་ཚབོ་ཨིན་མི་ བླམ་དངོས་གྲུབ་ཀྱིས་ མཛད་ཤུལ་བདག་འཛིན་འཐབ་བཞིན་དུ་ཡོདཔ་ཨིན་པས།
ད་རེས་ནངས་པར་ དགོན་པའི་ས་ཁོངས་ནང་ གཏན་འཇགས་སྦེ་སྡོད་མི་ ནདཔ་༧ དེ་ཅིག་ཡོདཔ་ད་ ཆོས་འབྲེལ་སྨན་བཅོས་དེ་གིས་ ཕན་ཐོགས་སྦོམ་སྦེ་ར་ བྱུང་དོ་ཡོད་པའི་སྐོར་ལས་ ས་གནས་ཀྱི་མི་ཚུ་གིས་ བཤདཔ་ཨིན་པའི་གནས་ཚུལ།

མོ་རོང་ལས་ ཚེ་རིང་རྣམ་རྒྱལ།

 

About admin

Check Also

བཟའ་གྲོགས་ལུ་ ཨམ་སྲུ་༤༤ ནག་ཚོང་འཐབ་པའི་ ཉེས་འཛུགས་ཀྱི་གྲོས་འདེབས།

རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཉེས་འཛུགས་ཚུ་ལུ་ བསྐྱར་ཞིབ་འབད་བའི་བསྒང་ཡོདཔ། ༉ མི་ཌཱལ་ཨིསི་ལུང་ཕྱོགས་རྒྱལ་ཁབ་ཚུ་ནང་ འབྲུག་པའི་ཨམ་སྲུ་ཚུ་ ཉེས་ཚོང་འཐབ་ཡོད་པའི་ ཁ་ཉེས་ཕོག་མི་ ལས་སྡེ་ངོ་ཚབ་༣༠ ཡོད་མི་ལས་ རྒྱལ་གཞུང་ཁྲིམས་སྲུང་འགག་སྡེའི་ དམིགས་བསལ་ཞིབ་དཔྱད་སྡེ་ཚན་ཅིག་གིས་ རྩོད་དོན་༡ ཉེས་བཤེར་གྱི་དོན་ལུ་ འཕྲལ་ཁམས་ཅིག་ཁར་ …

Leave a Reply

Your email address will not be published. Required fields are marked *