ཌོག་ཊར་ཕུརཔ་རྡོ་རྗེ།

མོ་ནད་མཁས་མཆོག་གིས་ མགར་ས་ལས་ རྒྱལ་ཡོངས་ཚོགས་སྡེའི་ དོན་ལུ་ དོ་འགྲན་འབད་ནི།

༉ གསོ་བའི་སྡེ་ཚན་ནང་ ལོ་ངོ་༢༠ དེ་ཅིག་ སྨན་བཅོས་མཁས་མཆོག་སྦེ་ ཕྱག་ཞུ་མི་ སྐྱེས་ལོ་༥༦ ལང་མི་ ཌོག་ཊར་ཕུརཔ་རྡོ་རྗེ་གིས་ མགར་ས་ལས་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ནང་ བཅའ་མར་གཏོགས་ནིའི་དོན་ལུ་ དགོངས་ཞུ་འབད་ཡོདཔ་ཨིན་པས།
རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ མོ་ནད་དང་ མ་བུའི་སྨན་བཅོས་མཁས་མཆོག་ ཌོག་ཊར་ཕུརཔ་རྡོ་རྗེ་གིས་ གསོ་བའི་ལམ་ལུགས་ཚུ་ སྒྲིང་སྒྲི་བཟོ་ཐབས་ལུ་དམིགས་ཏེ་ རྒྱལ་ཡོངས་ཚོགས་སྡེ་ནང་ བཅའ་མར་གཏོགསཔ་ཨིནམ་ད་ གཟུགས་ཁམས་ལེགས་ཤོམ་དེ་ ཆ་མཉམ་གྱི་ བདོག་གཏད་དྲག་ཤོས་ཅིག་ ཨིན་ཟེར་ཨིན་པས།
ཌོག་ཊར་ཕུརཔ་རྡོ་རྗེ་གིས་ ཨེམ་བི་བི་ཨེསི་ཤེས་ཡོན་དེ་ ཌ་ཀ་གཙུག་ལག་སློབ་སྡེ་ལས་ སྦྱངས་ཡོདཔ་ད་ ཁོ་གིས་ བང་ལ་དེཤ་ སྨན་བཅོས་དང་གཤག་བཅོས་མཐོ་རིམ་སློབ་སྡེ་ལས་ མོ་ནད་དང་ སྐྱེ་གནས་རིག་པའི་ཤེས་ཡོན་ མཇུག་བསྡུ་ཡོདཔ་མ་ཚད་ ནིའུ་ཟི་ལེནཌི་ཨོག་ལེནཌི་གི་ རྒྱལ་ཡོངས་ཨམ་སྲུའི་ སྨན་ཁང་གཙུག་ལག་སློབ་སྡེ་ལས་ མ་བུའི་སྨན་བཅོས་མཁས་མཆོག་ སྦྱངས་ཡོདཔ་ཨིན་པས།
ཌོག་ཊར་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ ཁོ་ར་དང་ སྡེ་ཚན་གྱི་ འཐུས་མི་ཚུ་གིས་ གསོ་བའི་ཞབས་ཏོག་ཚུ་ལེགས་ཤོམ་སྦེ་ སྤྲོད་ཚུགས་པའི་ གོ་སྐབས་ཡོད་ཟེར་ཨིན་པས།
ཁོ་གིས་ རྒྱལ་ཁབ་ནང་ མ་བུའི་ཤི་རྐྱེན་གྱི་ ཚད་གཞི་མར་ཕབ་དང་ མ་བུའི་གསོ་བའི་འཕྲོད་བསྟེན་གོང་འཕེལ་ དེ་ལས་ གསོ་བའི་ཞིབ་འཚོལ་ཡར་དྲག་དང་ འབྲུག་གི་ གེ་སར་རྒྱལ་པོ་སྨན་རིག་དང་ཚན་རིག་གཙུག་ལག་སློབ་སྡེ་ནང་ གཙུག་ལག་འོག་མའི་ སྨན་བཅོས་མཁས་མཆོག་སྦྱོང་བརྡར་གྱི་ ལས་རིམ་གཞི་བཙུགས་འབད་ནི་ལུ་ ཕན་གྲོགས་འབད་ཡོདཔ་ཨིན་པས།
ཌོག་ཊར་ཕུརཔ་རྡོ་རྗེ་གིས་ སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ མགར་ས་རྫོང་ཁག་ནང་ རྒྱལ་ཡོངས་ཚོགས་སྡེའི་ འདེམས་ངོ་ལེ་ཤ་མེདཔ་ད་ ད་རེས་ ཁོ་གིས་ བཅའ་མར་གཏོགས་མི་དེ་གིས་ མི་ཚུ་ལུ་ གདམ་ཁ་ལེགས་ཤོམ་བྱིན་ཚུགསཔ་མ་ཚད་ རྒྱལ་ཁབ་ནང་ དམངས་གཙོའི་བྱ་རིམ་ཚུ་ སྒྲིང་སྒྲི་བཟོ་ནི་ལུ་ ཕན་ཐོགས་འབྱུང་འོང་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ རྒྱལ་ཁབ་ནང་ སྨན་བཅོས་དང་འབྲེལ་བའི་ ཟད་འགྲོ་ཚུ་ ཡར་སེང་འགྱོ་དེས་ཟེར་ ཨིན་རུང་ མ་འོངས་པ་ལུ་ ལས་སྡེ་ག་ར་གིས་ མཉམ་འབྲེལ་ཐོག་ལས་ འགན་ཁུར་འབག་སྟེ་ སྔོན་འགོག་འབད་ཚུགས་པའི་ གསོ་བའི་ལས་སྣ་དང་ གོ་བརྡ་སྤྲོད་ནི་ལ་སོགས་པ་ཚུ་ལུ་ ཟད་འགྲོ་གཏང་པ་ཅིན་ མར་ཕབ་འབད་ཚུགས་པའི་ གོ་སྐབས་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ག་རའི་དོན་ལུ་ གསོ་བའི་འཕྲོད་བསྟེན་ ཡར་དྲག་གཏང་ནི་དེ་ གསོ་བ་ལྷན་ཁག་རྐྱངམ་གཅིག་ལུ་ བཞག་ནི་མེན་པར་ ལས་སྡེ་ག་རའི་ནང་ སྲིད་བྱུས་ལེགས་ཤོམ་དགོ་ཟེར་ཨིན་པས།
ཁོ་གི་ གསོ་བ་ནང་ འདས་པའི་ཉམས་མྱོང་དང་འཁྲིལཝ་ད་ རྒྱལ་ཡོངས་ཚོགས་སྡེ་དེ་ གསོ་བའི་འཕྲོད་བསྟེན་གོང་འཕེལ་དང་ སྔོན་འགོག་འབད་ཚུགས་པའི་ ནད་གཞི་ལ་སོགས་པ་དང་འབྲེལ་བའི་ སྲིད་བྱུས་ཚུ་ བསྐྱར་ཞིབ་འབད་ནིའི་ གོ་སྐབས་ཅིག་ཨིནམ་ལས་ གསོ་བ་དང་འབྲེལ་བའི་ ལས་སྣ་ག་ཅི་ནང་འབད་རུང་ ལྷན་ཐབས་འབད་འོང་ཟེར་ཨིན་པས།
ཌོག་ཊར་ཕུརཔ་རྡོ་རྗེ་དེ་ དགོངས་ཞུ་མ་འབད་བའི་ཧེ་མར་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ སྐྱེ་གནས་རིག་པ་དང་ མོ་ནད་མཁས་མཆོག་ལས་ཁུངས་ཀྱི་ འགོ་དཔོན་ཨིནམ་མ་ཚད་ འབྲུག་གི་ གེ་སར་རྒྱལ་པོ་སྨན་རིག་དང་ཚན་རིག་གཙུག་ལག་སློབ་སྡེའི་ གཙུག་ལག་སྒྲིག་འཛིན་དང་པ་ཡང་ འབད་ཡོད་པའི་གནས་ཚུལ།

སྐད་སྒྱུར་ སྐལ་བཟང་དབང་ཕྱུག།

About admin

Check Also

ཕུན་ཚོགས་གླིང་ལུ་ མི་མང་བརྟག་དཔྱད་ཐེངས་༣ པ་འབད་བའི་བསྒང་ཡོདཔ།

༉ ད་རེས་ནངས་པར་ ཕུན་ཚོགས་གླིང་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ཡོད་མེད་ཀྱི་ མི་མང་བརྟག་དཔྱད་ཐེངས་༣ པ་དེ་ འགོ་བཙུགས་ཏེ་ཡོདཔ་བཞིན་དུ་ སྤྱི་ཟླ་༦ པའི་ཚེས་༡༠ ལས་ དཔག་བསམ་ཁ་དང་ ཨ་ལེ་-པད་དཀར་ཞིང་ཚུད་མི་ རྒྱ་ཁྱབ་ས་ཁོངས་༣ པ་ལས་ …

Leave a Reply

Your email address will not be published. Required fields are marked *