མོ་ཆུ་གིས་ འཕྱགས་བདའ་མི་ སློབ་ཕྲུག་༡ གི་ཕུངམ་ ཐོབ་ཡོད་རུང་༡ འཚོལ་བའི་བསྒང་ཡོདཔ།

༉ སྤྱི་ཟླ་༨ པའི་ཚེས་༢༤ གི་ཉིན་མའི་ཆུ་ཚོད་༡.༤༠ དེ་ཅིག་ཁར་ སྤུ་ན་ཁ་འཛོམས་གླིང་ཐང་ལུ་ མོ་ཆུ་གིས་ སློབ་ཕྲུག་༤ དང་ ཕོ་སྐྱེས་ཅིག་ འཕྱགས་བདའ་མི་ལས་༣ སྲོག་སྐྱབས་འབད་ཚུགས་ཡོད་རུང་ སློབ་ཕྲུག་༢ སྲོག་སྐྱབས་འབད་མ་ཚུགས་པས།
སྟབས་ངན་བྱུང་པའི་ཤུལ་ལས་ སློབ་ཕྲུག་ཅིག་གི་ ཕུངམ་བཏོན་ཚུགས་རུང་ གཙང་ཆུ་གིས་འཕྱགས་བདའ་མི་ སློབ་ཕྲུག་གཞན་དེ་ ཁ་ཙ་ཚུན་ འཚོལ་མ་ཐོབ་པར་ ཡོདཔ་ཨིན་པས།
རྐྱེན་ངན་དེ་ཡང་ ཐིམ་ཕུག་རིན་ཆེན་འབྲིང་རིམ་སློབ་གྲྭ་གོང་མའི་ སློབ་ཕྲུག་༢༤ འབད་མི་ སྡེ་ཚན་ཅིག་ འཛོམས་གླིང་ཐང་ལུ་ མཛར་ཅུམ་ཟ་སྡོད་པའི་སྐབས་ ཉམས་རྒུདཔ་སློབ་ཕྲུག་བུམོ་གིས་ གཙང་ཆུའི་བར་ན་ ས་སྟོངམ་དགའ་ཏོག་ཏོ་སྦེ་ ཡོད་མི་དེ་ནང་ འགྱོ་བའི་སྐབས་ བྱུང་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ སླབ་མིའི་ནང་ མཐོང་གསལ་ཆེ་བའི་ས་ཁོངས་དེ་ མོ་ཆུ་བརྒལ་ཏེ་ འགྱོ་དགོཔ་ལས་ ཆུ་གི་མཐའམ་བདའ་སྟེ་ འགྱོ་བའི་སྐབས་ དགོངས་ཞུ་འབད་མི་ ལོ་ཊཱསི་པཱན་གྲུ་གཏང་མི་ཅིག་གིས་ ཆ་རོགས་འབད་གེ་ཟེར་ སླབ་ཞིནམ་ལས་ ཆུ་བརྒལ་འགྱོ་ནི་འབདཝ་ད་ སློབ་ཕྲུག་བུཚ་༣ ཡང་ ཁོང་དང་མཉམ་ སོང་ནུག་ཟེར་ཨིན་པས།
ཁོང་ཆ་ཁྱབ་ གཅིག་གིས་གཅིག་ལུ་ ལགཔ་བཤེད་དེ་ མོ་ཆུ་ནང་འཛུལ་ཏེ་ འགྱོ་བའི་བར་ན་ ཆ་རོགས་༡ འགྱེལ་ཏ་རྐྱབ་པའི་ཤུལ་ལུ་ ཆ་རོགས་གཞན་༤ ཡང་ འགྱེལ་ཏ་རྐྱབ་ཏེ་ ཆུ་གིས་ འཕྱགས་བདའ་བའི་སྐབས་ པཱན་གྲུ་གཏང་མི་ ཕོ་སྐྱེས་དེ་ཡང་ འཕྱགས་འབག་རུང་ ཁོ་གིས་ བུམོ་དེ་ སྲོག་སྐྱབས་འབད་ཚུགས་ཡོདཔ་ཨིན་པས།
ལོ་ཊཱསི་གི་ལས་བྱེདཔ་ ཕོ་སྐྱེས་གཞན་ཅིག་གིས་ སློབ་ཕྲུག་བུཚ་༡ སྲོག་སྐྱབས་འབད་ཚུགས་རུང་ གཞན་མི་༢ འབད་མ་ཚུགས་པས་ཟེར་ ཁྲིམས་སྲུང་འགག་པ་གིས་ བཤདཔ་ཨིན་པས།
རྐྱེན་ངན་བྱུང་སྟེ་ དུས་ཡུན་ཆུ་ཚོད་༡ གི་རྒྱབ་ལས་ ཁྲིམས་སྲུང་འགག་པ་དང་ བདེ་སྲུངཔ་ ཉེ་འདབས་ཀྱི་ མི་སེར་དང་ ཞི་གཡོགཔ་ དེ་ལས་ ལོ་ཊཱསི་གིས་ གྲུ་བཏང་སྟེ་ འཚོལ་བའི་སྐབས་ ཚེ་འདས་སློབ་ཕྲུག་༡ གི་ཐོབ་རུང་ སློབ་རིམ་༡༡ པའི་ནང་ དཔེ་ཆ་ལྷབ་མི་ སློབ་ཕྲུག་གི་ ཕུངམ་འཚོལ་མ་ཐོབ་ཨིན་པས།
ཁ་ཙ་ འཕྲོ་མཐུད་དེ་ར་ མོ་ཆུ་དང་ ཕོ་ཆུ་གཉིས་འཛོམས་པའི་ ཆུ་མཐའམ་བདའ་སྟེ་ འཚོལ་བའི་ཁར་ ད་རེས་ཡང་ འཚོལ་ནི་འོང་ཟེར་ཨིན་པ།
སློབ་ཕྲུག་ཚུ་ མཛར་ཅུམ་ཟ་བར་ སོང་མིའི་སྐོར་ལས་ སློབ་གྲྭའི་དབུ་འཛིན་དང་ སློབ་དཔོན་ཚུ་གིས་ གནས་ཚུལ་མ་ཤེས་པས་ཟེར་ཨིནམ་ད་ རྐྱེན་ངན་བྱུང་མི་ལུ་བརྟེན་ སློབ་ཕྲུག་ཚུ་ སྤུ་ན་ཁ་འབྲིང་རིམ་སློབ་གྲྭ་གོང་མའི་ནང་ ཞག་༡ བཞག་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

 

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *