མེ་སྤར་ཏེ་ ཨམ་སྲུ་བསད་མི་ ཕོ་སྐྱེས་ཅིག་ལུ་ བཙོན་ཁྲིམས་ཚེ་བཙོན་ བཀལ་དགོ་པའི་ཞུ་བ།

༉ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ སྐྱེས་ལོ་༣༥ ལང་མི་ ཕོ་སྐྱེས་ཅིག་གིས་ ཁོ་རའི་ གཉེན་ཡ་བྲལ་སོང་མི་ སྐྱེས་ལོ་༢༧ ལང་མི་ ཨམ་སྲུ་དེ་ མེ་སྤར་ཐོག་ལས་ དམར་བསད་འབད་མི་ལུ་བརྟེན་ བཙོན་ཁྲིམས་ཚེ་བཙོན་བཀལ་དགོ་པའི་ཁར་ ཉམས་རྒུདཔ་ལུ་ ལོ་༡༠ གྱི་རྒུད་འཐུས་དངུལ་ཀྲམ་༤༥༠,༠༠༠ དང་ དགེ་རྩ་སྒྲུབ་འཐུས་དངུལ་ཀྲམ་༥༥,༡༢༥ སྤྲོད་དགོ་པའི་ ཞུ་བ་འབད་ཡོདཔ་ཨིན་པས།
གནད་དོན་དེའི་སྐོར་ལས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ སྤྱི་ཟླ་༡༡ པའི་ཚེས་༢༤ ལུ་ ཉེས་འཛུགས་འབད་མིའི་ནང་ བཙུགས་ནུག།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ རྩོད་བཤེར་པ་གིས་འབད་བ་ཅིན་ ཉེས་འཛུགས་ཅན་གྱིས་འབད་མི་ བྱ་ངན་དེ་ སྲོག་འཕྲོག་གི་གནོད་འགེལ་ཨིནམ་ལས་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ཀྱི་དོན་ཚན་༡༣༩ དང་འཁྲིལ་ དབྱེ་རིམ་དང་པའི་ཉེས་ཆེན་ ཉེས་ཁྲིམས་དམའ་ཤོས་ བཙོན་ཁྲིམས་ལོ་༡༥ ལས་ མཐོ་ཤོས་ཚེ་བཙོན་བཀལ་དགོཔ་ཨིན་རུང་ ད་ལྟོའི་བྱ་ངན་དེ་ འཚེར་སྣང་མེད་པར་ ཉམས་རྒུད་པའི་གཟུགས་ཁར་ གནོད་འཚེ་བཀལ་ཏེ་ སྲོག་གཅོད་འབད་ཡོདཔ་ལས་ ཐད་ཀར་དུ་ ཚེ་བཙོན་བཀལ་དགོ་པའི་ ཉེས་འཛུགས་འབད་ཡོད་ཟེར་ཨིན་པས།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཉེས་འཛུགས་ཅན་གྱིས་ ཡ་བྲལ་སོང་མི་ ཨམ་སྲུ་དེ་ དམར་བསད་འབད་ནིའི་དོན་ལུ་ ཧེ་མ་ལས་ ངན་སེམས་ཡོདཔ་ལས་ སྤ་རོ་ལས་ ཁོང་ར་༢ ཀྱི་བར་ན་ཡོད་མི་ བུམོ་དེ་དང་འཕྱད་ནི་སྦེ་ འོང་བའི་སྐབས་ལས་ར་ ས་སྣུམ་པེ་ཊཱོལ་དང་ མེ་ཀྲེག་འབག་འོང་ནུག་ཟེར་ ཉེས་བཤེར་ནང་བཀོད་ནུག།
ཉེས་འཛུགས་ཅན་གྱིས་ སྤ་རོ་ལས་འོངམ་ད་ ཉམས་རྒུདཔ་གིས་ ཉན་བཏུབ་པ་ཅིན་ ཁོ་དང་གཅིག་ཁར་ སྤ་རོ་ལུ་ ལོག་འཁྱིད་འགྱོ་ནི་དང་ དེ་མིན་ དམར་བསད་འབད་ནིའི་ འཆར་གཞི་བཟོ་སྟེ་ འོང་ནུག་ཟེར་བཀོད་ནུག།
ཁོང་༢ ཕྱད་པའི་སྐབས་ ཉེས་འཛུགས་ཅན་གྱིས་ ལོག་འགྱོ་ནིའི་ཐད་ཁར་ ཉན་མ་བཏུབ་པའི་ཤུལ་ལས་ མར་ཁུ་བླུགས་ཏེ་ མེ་སྤར་བཏང་ནུག་ཟེར་ཨིནམ་ད་ མེ་གིས་འཚིགས་མི་ལུ་བརྟེན་ ཨམ་སྲུ་དེ་ ཚེ་ལས་འདས་སོ་ནུག་ཟེར་ ཉེས་འཛུགས་ནང་བཀོད་ནུག།
དམར་བསད་འབད་མི་དེ་ ཉེས་འགེལ་ཁྲིམས་དེབ་དང་འཁྲིལཝ་ད་ བཙོན་ཁྲིམས་ཉུང་ཤོས་ལོ་༡༥ ལས་ མཐོ་ཤོས་ཚེ་བཙོན་ སྨིན་དགོཔ་ཨིན་རུང་ ད་ལྟོའི་བྱ་ངན་དེ་ བསམ་བཞིན་དུ་འབད་ཡོདཔ་ལས་ ཁྲིམས་དེབ་དེའི་ དོན་ཚན་༧ པའི་ཀ་པ་དང་འཁྲིལ་ ཚེ་བཙོན་བཀལ་དགོཔ་འདུག་ཟེར་ ཞུ་ནུག།
ཁྲིམས་བཤེར་འབད་མི་གིས་ ཁྲིམས་འདུན་ལུ་ ཉེས་འཛུགས་ཅན་ ཕོ་སྐྱེས་དེ་གིས་ ས་སྣུམ་བླུགས་ཏེ་ མེ་སྤར་བཏང་ནི་དེ་གིས་ ཨམ་སྲུ་ལུ་ ཤི་རྐྱེན་བྱུང་ནུག་ཟེར་ ཉེས་འཛུགས་འབད་ཡོདཔ་མ་ཚད་ ཁོ་གིས་ ཨམ་སྲུ་དེ་ བསད་ནིའི་འཆར་གཞི་ཡོདཔ་ལས་ ཐབས་ལམ་ཅིག་སྦེ་ ཁོང་རའི་བུམོ་དེ་ འཕྱད་ནི་ཨིན་ཟེར་སླབ་སྟེ་ མོ་དང་གཅིག་ཁར་ ཕྱད་ནུག་ཟེར་བཀོད་ནུག།
ཨིན་རུང་ ཉེས་འཛུགས་ཅན་གྱི་ ངག་བརྗོད་དང་འཁྲིལཝ་ད་ ཉམས་རྒུདཔ་ཨམ་སྲུ་དེ་གིས་ ཁོ་དང་གཅིག་ཁར་ འཕྱད་པར་འོངམ་ད་ མོ་རའི་ལགཔ་ཁར་ ཆུ་ཤོག་གནགཔོ་ཅིག་ འབག་སྟེ་ཡོདཔ་ལས་ དེ་ནང་ མར་ཁུ་འབག་སྟེ་འདུག་ཟེར་ཨིན་པའི་ཁར་ མོ་གིས་ མོ་ར་མེ་སྤར་ཏེ་ ཁྲིམས་སྲུང་འགག་སྡེ་ལུ་ བརྡ་དོན་ཕྱི་འགྱུར་སྦེ་ སླབ་ནི་ཨིན་ཟེར་བའི་ ཉེན་བརྡ་འབད་ནུག་ཟེར་ ཨིན་པས།
དེ་མ་ཚད་ ཁོ་གིས་ མོ་ལུ་ མེ་ཟུན་མི་དེ་ ངོ་མ་ར་ མོ་ར་གིས་ མར་ཁུ་བླུགས་པའི་ཤུལ་ལས་ ཉེ་འདབས་ལུ་ཡོད་མི་ ཟ་ཁང་ཅིག་ནང་ ཆུ་འཁྱུ་བར་ འགྱོ་གེ་ཟེར་སླབ་རུང་ ཉེན་མ་བཏུབ་པའི་ཁར་ མོ་ར་ ཏམ་ཁུ་བི་རི་ཅིག་འཐུང་ནི་འབདཝ་ད་ མོ་རའི་གཟུགས་ཁར་ མེ་ཟུན་ཏེ་ ས་ཁར་འགྱེལ་སོ་ཡི་ཟེར་ ཞུ་ནུག།
ཨིན་རུང་ ཚེ་འདས་ཨམ་སྲུ་གིས་ མ་ཤི་བའི་ཧེ་མར་ ཁྲིམས་སྲུང་འགག་པ་ལུ་ སླབ་དོ་བཟུམ་འབད་བ་ཅིན་ མེ་དེ་ ཉེས་འཛུགས་ཅན་གྱིས་ ཁོ་དང་གཅིག་ཁར་ སྤ་རོ་ལུ་ ལོག་འགྱོ་གེ་ཟེར་སླབ་ད་ མོ་གིས་ ཉན་མ་བཏུབ་ལས་ མེ་སྤར་བཏང་ཡི་ཟེར་ སླབ་ཡོདཔ་ཨིན་པས།
དེ་མ་ཚད་ མོ་གིས་ ཁྲིམས་སྲུང་འགག་པ་ལུ་ མོ་ར་ མེ་སྤར་བའི་ཤུལ་ལས་ བྱ་ངན་འབད་སར་མཐོང་མི་ གླ་འཁོར་དེད་གཡོགཔ་ཚུ་གིས་ སྨན་ཁང་ནང་ བསྐྱལ་བའི་ཤུལ་ལས་ ཉེས་འཛུགས་ཅན་དེ་ གར་སོང་མེདཔ་སོང་བའི་ཁར་ ལམ་ཁར་ མོ་རའི་ཨ་ཞེམོ་ལུ་ རྐྱེན་ངན་དེའི་སྐོར་ལས་ བརྒྱུན་འཕྲིན་གཏང་དགོཔ་སྦེ་ ག་དེམ་ཅིག་སླབ་རུང་ ཉན་མ་བཏུབ་ཟེར་ བཤད་ཡོདཔ་ཨིན་པས།
ཉེས་འཛུགས་ཅན་ཁོ་ར་ ཤུལ་ལས་ སྤ་རོ་ལས་ འཛིན་བཟུང་འབད་ཡོདཔ་ད་ ཁོང་གཉིས་ རྐྱེན་ངན་བྱུང་བའི་སྐབས་ ཁ་བྱལ་ཏེ་ ཟླཝ་དག་པ་ཅིག་ ལང་ཡོདཔ་ད་ ཉམས་རྒུདཔ་ཨམ་སྲུ་དེ་ ཐིམ་ཕུག་ལུ་ སྒྲ་དབྱངས་ཁང་ཅིག་ནང་ ལཱ་འབད་མི་ཨིནམ་ད་ ཕོ་སྐྱེས་དེ་ སྤ་རོ་ལུ་ སྡོད་མི་ཅིག་ཨིན་པས།
སྨན་ཁང་གི་ སྙན་ཞུ་དང་འཁྲིལཝ་ད་ ཉམས་རྒུདཔ་ཨམ་སྲུ་དེ་གི་གཟུགས་ བརྒྱ་ཆ་༥༠ དེ་ཅིག་ འཚིགས་སོ་མི་ལུ་བརྟེན་ ཞག་༡ གི་ཤུལ་ལས་ གྱོངས་ཡོདཔ་ད་ ཁོང་༢ ལུ་ སྐྱེས་ལོ་༣ ལང་མི་བུམོ་ཅིག་ ཡོདཔ་ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

ཝང་ལིང་གཡུས་ཚན་ནང་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ལྕང་ལཱ་རྐྱབ་མ་ཚུགས་པའི་དཀའ་ངལ།

༉ ཀྲོང་གསར་གླང་མཐིལ་རྒེད་འོག་ ཝང་ལིང་གཡུས་ཚན་གྱི་ མི་སེར་ཚུ་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ན་ཧིང་ འབྱ་ལཱ་རྐྱབ་མ་ཚུགས་པར་ལུས་ཡོདཔ་ད་ དུས་ཅི་ཡང་ ག་དེ་སྦེ་ འབྱ་ལཱ་རྐྱབ་ཚུགས་ག་ཟེར་ ཚ་གྱང་ལང་སྟེ་འདུག། ཆུ་གཡུར་དེ་ ལོ་གསུམ་གྱི་ཧེ་མར་ ས་རུད་ཆད་མི་ལུ་བརྟེན་ འཕྱགས་བདའ་ཡོདཔ་ཨིན་རུང་ …

Leave a Reply

Your email address will not be published. Required fields are marked *