མེ་རྐྱེན་གྱིས་ མོང་སྒར་སློབ་གྲྭ་ཆེ་བའི་ བུམོ་ཚུ་གི་ཉལ་ཁྱིམ་ རྩ་བ་ལས་འཚིགས་ཡོདཔ།

༉ ཁ་ཙ་དྲོ་པ་ མེ་རྐྱེན་བྱུང་མི་ལུ་བརྟེན་ མོང་སྒར་སློབ་གྲྭ་ཆེ་བའི་ ཉལ་ཁྲི་༤༨ འབད་མི་ བུམོ་ཚུ་གི་ཉལ་ཁྱིམ་དེ་ རྩ་བ་ལས་ འཚིགས་བཏང་ཡོདཔ་ཨིན་པས།

མེ་རྐྱེན་དེ་ དྲོ་པའི་ཆུ་ཚོད་༦ དང་སྐར་མ་༢༥ དེ་ཅིག་ལུ་བྱུང་ཡོདཔ་ད་ དེ་བསྒང་ སློབ་ཕྲུག་ཚུ་ དྲོ་པའི་དཔེ་ཆ་ལྷབ་པའི་བསྒང་ཨིནམ་བཞིན་དུ་ ཉལ་ཁྱིམ་དེ་ནང་ ནདཔ་བུམོ་༡ སྡོད་མི་དེ་ཡང་ གནོད་རྐྱེན་ག་ནི་ཡང་མ་འབྱུང་པར་ བྱོག་ཐལ་ནུག།

ཁྲིམས་སྲུང་འགག་པ་དང་ བདེ་སྲུངཔ་ དེ་ལས་ ཁས་བླངས་པ་ཚུ་གིས་ ཁང་ཚན་༤ ཡོད་ས་ལས་༣ ནང་གི་ མཁོ་ཆས་གཞན་ཚུ་ བཏོན་ཚུགས་རུང་ གདན་མལ་ཆ་དང་ ཀི་དེབ་ཚུ་ མེ་གིས་འཚིགས་ཡོདཔ་ཨིན་པས།

མེ་རྐྱེན་ནང་ཤོར་མི་ དཔེ་དེབ་ཚུ་ ཤེས་རིག་ལས་ཚན་གྱིས་ བྱིན་ནི་ཨིནམ་ད་ གདན་དང་ གདན་ཤུབས་ཚུ་ སློབ་གྲྭའི་འཛིན་སྐྱོང་གིས་ བྱིན་ཡོདཔ་ཨིན་པས།

མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ ཉམས་རྒུདཔ་སློབ་ཕྲུག་ཚུ་ལུ་ སྒྲིག་གོ་དང་ དགོས་མཁོ་ཆེ་བའི་རིགས་ཚུ་ སེམས་གསོ་གསོལ་རས་སྦེ་ གནང་ཡོདཔ་ཨིན་པས།

མེ་རྐྱེན་དེ་ཡང་ གློག་མེ་ལུ་བརྟེན་ བྱུང་ཡོད་པའི་དོགས་པ་ཡོདཔ་བཞིན་དུ་ སྒྲིང་ཁྱིམ་དེ་ སྤྱི་ལོ་༡༩༨༣ ལུ་ རྐྱབ་ཡོདཔ་ཨིན་པས།

ཁ་ཙ་ལས་ སྒྲིང་ཁྱིམ་དེ་ནང་སྡོད་མི་ སློབ་ཕྲུག་བུམོ་༡༩༨ ཆ་མཉམ་ར་ རྫོང་ཁག་བདག་སྐྱོང་དང་ སློབ་གྲྭའི་འཛིན་སྐྱོང་གིས་ མཁོ་ཆས་ཚུ་ གྲ་སྒྲིག་ཐོག་ལས་ སློབ་གྲྭའི་སྤྱི་དོན་ཁང་དང་ ཟ་ཁང་ནང་ སྤོ་བཤུད་འབད་ཡོདཔ་ཨིན་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ། མོང་སྒར།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *