མེ་རག་ལུ་ ཀོ་བིཌ་-༡༩ ཐོན་མི་དེ་ ས་གནས་གཞན་ཚུ་གི་དོན་ལུ་ ཉེན་བརྡ་ཨིནམ།

༉ ཉིན་གྲངས་དག་པ་ཅིག་གི་ཧེ་མར་ དཔྱད་རིག་རྣམ་རྟོག་མེད་པར་ བཀྲིས་སྒང་རྫོང་ཁག་གི་ མཐའ་ཟུར་ས་གནས་ མེ་རག་རྒེད་འོག་ནང་ གཡུས་མི་༣ ལུ་ ནད་ཡམས་ཀོ་བིཌ༌-༡༩ ནད་ཐོབ་ཡོད་པའི་ མངོན་གསལ་བྱུང་མི་དེ་ སྤྱིར་བཏང་རྒྱལ་ཁབ་ཀྱི་ ས་གནས་གཞན་ཁར་ སྡོད་མི་ཚུ་གི་དོན་ལུ་ ཉེན་བརྡ་བཟུམ་ཅིག་སྦེ་ བརྩི་འཇོག་འབད་དགོཔ་འདུག་ཟེར་ཞུ་ནི།

ག་འཆརཔ་ཟེར་བ་ཅིན་ ས་གནས་མཐའ་ཟུར་དེ་ཚུ་ནང་ཡང་ དེ་བཟུམ་མའི་ ནད་ཡམས་ཀྱི་ ཉེན་འཚུབས་འབྱུང་པ་ཅིན་ ཁྲོམ་སྡེ་དང་ ཡན་ལག་ཁྲོམ་ཚུ་གིས་གཙོས་པའི་ ས་གནས་གཞན་ཚུ་གི་སྐོར་ལས་ སླབ་དགོཔ་ར་མིན་འདུག་ཟེར་ཞུ་ནི།

དཔྱེ་འབད་བ་ཅིན་ རྒྱལ་ས་ལྟེ་བ་ ཐིམ་ཕུག་བཟུམ་ཅིག་ནང་ ཉིན་བསྟར་བཞིན་དུ་ ཁྲོམ་སྡེ་ནང་ལས་ ཐོན་འགྱོ་མི་དང་ ནང་འཛུལ་འབད་མི་ མི་བརྒྱ་ལས་བཅད་དེ་ཡོདཔ་ལས་ ཁྱིམ་མཚེས་རྒྱལ་ཁབ་ཚུ་ནང་བཟུམ་སྦེ་ ནད་ཡམས་འཕྱེལ་འགྱོ་ནིའི་ ཉེན་ཁ་སྦོམ་ར་ མཐོངམ་མས་ཟེར་ཞུ་ནི།

དེ་འབདཝ་ལས་ ང་བཅས་ག་ར་ གཟབ་གཟབ་འབད་དགོ་པའི་ དུས་ཚོད་ལུ་ ལྷོད་ཡོད་བཞིན་དུ་  གཞུང་ཞབས་ཀྱི་ བཀའ་རྒྱ་དང་འཁྲིལ་ མི་མང་འཛོམས་ས་ལས་ཕར་ འགྱོ་ནི་ལས་ ག་དེ་དྲག་དྲག་ འཛེམས་དགོཔ་བཞིན་དུ་ གལ་སྲིད་ འགྱོ་དགོཔ་ར་ ཐོན་སོ་རུང་ ཉེན་སྲུང་གི་ཐབས་ལམ་ཚུ་ ཚུལ་མཐུན་བཏོན་ཏེ་ འགྱོ་དགོཔ་དེ་ ཁག་ཆེ་དྲགས་འདུག་ཟེ་ཞུ་ནི།

གལ་སྲིད་ ང་བཅས་ཆ་ཁྱབ་ ཐིམ་ཕུག་ལུ་ ནད་ཡམས་མིན་འདུག་ཟེར་ མནོ་བསམ་བཏང་ཐོག་ལས་ སྣང་བ་གང་ཤར་སྦེ་ སྡོད་པ་ཅིན་ ང་བཅས་ཀྱིས་ མ་ཤེས་པར་ ནད་འབུབ་ཡོད་མི་ མི་རེ་རེ་གཉིས་གཉིས་ འོང་སྲིད་ནི་ཨིནམ་ལས་ དེ་ཚུ་ལུ་བརྟེན་ ནད་འབུབ་ཁྱབ་སྤེལ་འགྱོ་ནིའི་ ཉེན་ཁ་སྦོམ་ཡོད།

སྤྱིར་བཏང་ ང་བཅས་ཀྱི་སེམས་ཁར་ ས་ཁོངས་འདི་ནང་ ཉེན་ཁ་མེདཔ་ལས་ ཕར་ཕྱོགས་ཀྱི་ ས་ཁོངས་དེ་ནང་རྐྱངམ་གཅིག་ ཉེན་ཁ་འདུག་ཟེར་བའི་ མནོ་བསམ་རྩ་ལས་ར་ གཏང་ནི་མི་འོང་ནི་ཟེར་ཞུ་ནི། 

དེ་ཡང་ ག་དེ་སྦེ་སྨོ་ཟེར་བ་ཅིན་ ནད་འབུབ་དེ་ མིག་གིས་མ་མཐོང་བའི་ བྱང་ཕྱད་གདུག་དྲགས་ཅིག་འབདཝ་ལས་ སྣང་མེད་སྦེ་ སྡོད་པ་ཅིན་ ཉེན་སྲུང་ཅན་གྱི་ ས་ཁོངས་ལས་ཡང་ ནད་འབུབ་འཐོན་ནིའི་ ཉེན་ཁ་སྦོམ་སྦེ་ར་ཡོདཔ་ཨིན་ཟེར་ཞུ་ནི།

ད་རེས་ ནད་འབུབ་དེ་ལུ་བརྟེན་ ཁྱིམ་མཚེས་རྒྱལ་ཁབ་ རྒྱ་གར་ལུ་ཡང་ ཉིན་བསྟར་བཞིན་དུ་ མི་གྲངས་སྟོང་ཕྲག་༣ དང་༤ དེ་རེ་ ཤི་རྐྱེན་བྱུང་དོ་ཡོདཔ་ལས་ འབྲུག་མི་ཚུ་གིས་ ན་འཐན་སེམས་ཁར་ངེས་དགོཔ་འདུག་ཟེར་ཞུ་ནི།

དེ་གི་ནང་དོན་ཉིད་ལས་ འབྲུག་རྒྱལ་ཁབ་ནང་ ཁ་ཙ་ར་ མི་༡༧ ལུ་ ཀོ་བིཌ་-༡༩ ཐོབ་ཡོད་པའི་ ངོས་བཟུང་འབད་ཡོདཔ་ལས་ ནད་འབུབ་ཐོབ་མིའི་གྱངས་ཁ་༡,༣༣༨ ལུ་ ལྷོད་མི་དེ་ ལྷག་པར་དུ་ ཚ་གྱང་ལང་དགོཔ་ཅིག་ཨིན་མས་ཟེར་ཞུ་ནི།

ད་རེས་ནངས་པར་ ནད་ཡམས་ཐོབ་མི་ མང་ཤོས་ར་ ཕུན་ཚོགས་གླིང་དང་ བསམ་གྲུབ་ལྗོངས་མཁར་ལས་ ཐོན་ཡོདཔ་ལས་ ནངས་པ་ ཐིམ་ཕུག་དང་ སྤ་རོ་ལ་སོགས་པའི་ རྫོང་ཁག་གཞན་ཚུ་ནང་ཡང་ ཀོ་བིཌ་-༡༩ ཐོབ་ཡོད་པའི་ སྙན་ཞུ་འཐོན་སྲིད་ཟེར་ཞུ་ནི།

དེ་འབདཝ་ལས་ འབྲུག་མི་ཡོངས་ཀྱིས་ འགན་ཁུལ་ཐེབས་འབག་ཐོག་ལས་ གསོ་བའི་སྒྲིག་གཞི་ཚུ་ལུ་ ཚུལ་མཐུན་གནས་དགོཔ་དེ་ གལ་ཆེཝ་སྦེ་ མཇལཝ་མས་ཟེར་ ཞུ་ནི་ཨིན།

སངས་རྒྱས་ལྷ་དབང་།

རིན་ཆེན་སྡིངས། ཕུན་ཚོགས་གླིང་།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *