མེ་རག་ལུ་ ཀོ་བིཌ་-༡༩ ཐོན་པའི་ཤུལ་ལུ་ ཉེ་འདབས་ཀྱི་མི་ཚུ་ འདྲོག་བྱེལ་འཐབ་ཡོདཔ།

༉ བཀྲིས་སྒང་མེ་རག་རྒེད་འོག་ནང་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ ཡར་སེང་འགྱོ་མི་དང་བསྟུན་ ཉེ་འདབས་ཀྱི་ མི་སེར་ཚུ་ ཚ་གྱང་ལང་སྟེ་ཡོད་མི་དེ་ཡང་ ནད་ཡམས་དེ་ གཡུས་སྒོ་ཚུ་ནང་ ཁྱབ་སྤེལ་འགྱོ་ཉེན་ཡོད་མི་ལུ་བརྟེན་ཨིན་པས། 

ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་གིས་འབད་བ་ཅིན་ མི་སེར་ཚུ་ ནད་ཡམས་དེ་ སྒོའི་རྩ་བར་ལྷོད་ཡོདཔ་ལས་ སྤྱགས་སྡུག་དང་ འདྲོག་བྱེལ་འཐབ་སྟེ་འདུག་ཟེར་ཨིནམ་ད་ རྒེད་འོག་གིས་ ཕར་ཚུར་རྒྱུན་འགྲུལ་འཐབ་མི་ ལྟ་རྟོག་འབད་ནིའི་དོན་ལུ་ ས་གནས་ཐདམ་ཐད་ཁ་ལས་ཕར་ འགེགས་སྲུང་པ་བཙུགས་ཏེ་ཡོད་ཟེར་ཨིན་པས།ཝ

ར་ལྡི་རྒཔོ་སྐུ་ལུང་གིས་ སླབ་མིའི་ནང་ ཀོ་བིཌ་-༡༩ དེ་ ཁྱིམ་ཚང་རྒེད་འོག་ནང་ ལྷོད་ཡོདཔ་ལས་ རྒེད་འོག་གིས་ ཁྲིམས་སྲུང་འགག་སྡེ་དང་ བདེ་སྲུང་ལས་རྒྱབ་སྐྱོར་ལེན་ཏེ་ འགེགས་སྲུང་ཚུ་ནང་ སྲུང་རྒྱབ་བཙུགས་ཏེ་ཡོད་ཟེར་ཨིན་པས།

མི་སེར་ཚུ་ ནད་ཡམས་ལས་ ཉེན་སྲུང་འབད་ཐབས་ལུ་ གསོ་བའི་བསླབ་བྱ་དང་ སྒྲིག་གཞི་ཚུ་ ལག་ལེན་འཐབ་དགོཔ་སྦེ་ གོ་བརྡ་སྤྲོད་ཡོདཔ་མ་ཚད་ རང་སོའི་ཞིང་ལཱ་ཚུ་ བཟའ་ཚང་ནང་འཁོད་ལུ་ འབད་དགོཔ་སྦེ་ སླབ་སྟེ་ཡོད་ཟེར་ རྒཔོ་སྐུ་ལུང་གིས་ བཤད་ཡོདཔ་ད་ ཚོགས་པ་ཚུ་ལུ་ཡང་ དུས་རྒྱུན་དུ་ ལྟ་རྟོག་འབད་དགོ་པའི་ཁར་ ལ་ལོ་གིས་ དབང་ཤུགས་ཐོག་ལས་ རྒེད་འོག་ནང་ འཛུལ་འོང་པ་ཅིན་ སྙན་ཞུ་འབད་དགོཔ་སྦེ་ སླབ་ཡོདཔ་ཨིན་པས།

ར་ལྡི་ལས་ སྐྱེས་ལོ་༤༠ ལང་མི་ རྡོ་རྗེ་མཁའ་འགྲོ་གིས་ སླབ་མིའི་ནང་ རྫོང་ཁག་ལས་བྱེད་ཚོགས་ཆུང་གིས་ དུས་ཚོད་ཁར་ འགྲོ་འགྲུལ་བཀག་དམ་མ་འབད་བ་ཅིན་ ནད་ཡམས་ཁྱབ་སྤེལ་ཡར་སོཔ་འོང་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ མི་རེ་གཉིས་ཀྱིས་ གསོ་བའི་སྒྲིག་གཞི་ལུ་ མི་གནས་དོ་ཡོདཔ་ལས་ ག་ར་གིས་ མཉམ་འབྲེལ་འབད་དེ་ སྒྲིག་གཞི་ཚུ་ ཚུལ་ལྡན་སྦེ་ ལག་ལེན་འཐབ་དགོཔ་འདུག་ཟེར་ཨིན་པས།

ད་རུང་ ས་གནས་ལུ་སྡོད་མི་ ཚེ་རིང་གཡང་སྒྲོན་གྱིས་འབད་བ་ཅིན་ མི་མང་ཤོས་ར་ རང་སོའི་བཟའ་ཚང་དང་གཅིག་ཁར་ རྒྱང་མཐོང་ལས་རིམ་ཚུ་བལྟ་སྟེ་ ཁྱིམ་ནང་ར་ སྡོདཔ་ཨིན་རུང་ རེ་རེ་གཉིས་གཉིས་ ཞིང་ཁར་ལཱ་འབདཝ་མས་ཟེར་ཨིན་པས།

མེ་རག་ལུ་ ནད་ཡམས་ཐོབ་མི་ ཡར་སེང་འགྱོ་བའི་སྐོར་ གནས་ཚུལ་གོཝ་ལས་ གཡུས་ཚན་གཞན་ཚུ་ནང་ བཤལ་འགྱོ་ནི་དེ་ ཉེན་ཁ་འོང་ནི་མས་ཟེར་ ཚེ་རིང་གཡང་སྒྲོན་གྱིས་ བཤདཔ་ཨིན་པས།

ཕོངས་མེད་རྒཔོ་ རྣམ་རྒྱལ་དབང་འདུས་ཀྱིས་འབད་བ་ཅིན་ མེ་རག་ལས་འོང་མི་ མི་༧ དེ་ཅིག་ རང་སོའི་ཁྱིམ་ནང་ ཟུར་བཞག་སྟེ་ཡོད་ཟེར་ཨིནམ་ད་ ཀོ་བིཌ་-༡༩ དེ་ སྦོ་ལོགས་ཁར་ ལྷོད་ཡོདཔ་ལས་ མི་སེར་ཚུ་ ཁྱིམ་ནང་སྡོད་དགོ་ཟེར་ སླབ་མ་དགོ་པར་ ཁོང་ར་གིས་ སྒོ་བསྡམས་སྦེ་ སྡོདཔ་མས་ཟེར་ བཤདཔ་ཨིན་པས།

མེ་རག་གི་ མི་སེར་རེ་གཉིས་མ་གཏོགས་ རྒེད་འོག་ནང་མ་ལྷོད་པས་ཟེར་ གཤོང་ཕུག་རྒཔོ་ རིག་འཛིན་རྡོ་རྗེ་གིས་ བཤད་པའི་ཁར་ ཁོང་དང་འབྲེལ་འཐབ་མི་ཚུ་ག་ར་ འཚོལ་ཞིབ་འབད་དེ་ ནད་ཡམས་ཀྱི་ བརྟག་དཔྱད་འབད་བར་ བཏང་ཡི་ཟེར་ བཤདཔ་ཨིན་པས།

ཁོ་གིས་ སླབ་མིའི་ནང་ ནད་ཡམས་ལུ་བརྟེན་ འགྲོ་འགྲུལ་བཀག་དམ་ ཡུན་འགྱངས་ལུས་སོ་རུང་ བཟའ་འཐུང་གི་རིགས་ མཁོ་སྤྲོད་འབད་མ་ཚུགས་པའི་ ཚ་གྱང་མེད་ཟེར་ཨིན་པས།

ནད་ཡམས་དར་ཁྱབ་འགྱོ་ནི་ལས་ བཀག་ཐབས་ལུ་ ཕར་ཚུར་འགྲོ་འགྲུལ་འབད་ཡོད་མེད་ ཞིབ་དཔྱད་འབདཝ་མ་ཚད་ ཀོ་བིཌ་-༡༩ ཐོབ་མི་ཚུ་དང་ འབྲེལ་བ་འཐབ་མི་ཚུ་ཡང་ འཚོལ་ཞིབ་འབད་བའི་བསྒང་ཡོད་ཟེར་ ཤར་ཕྱོགས་ཀོ་བིཌ་ལས་བྱེད་ཚོགས་ཆུང་གིས་ མི་སྡེ་བརྡ་བརྒྱུད་ནང་བཀོད་ནུག།

ཁ་ཙ་ཉིན་མར་ མེ་རག་ལས་ སྐྱེས་ལོ་༢༨ ལང་མི་ ཕོ་སྐྱེས་ཅིག་ལུ་ ཀོ་བིཌ་༡༩ ཐོབ་ཡོདཔ་ བདའ་ཟུན་ཡོདཔ་ད་ ཕོ་སྐྱེས་དེ་ སྤྱི་ཟླ་༥ པའི་ཚེས་༡༩ ལུ་ ནད་རྟགས་ཐོན་ཏེ་ མོང་སྒར་ལུང་ཕྱོགས་གཙོ་བསྟེན་སྨན་ཁང་ནང་བསྐྱལ་མི་ སྐྱེས་ལོ་༦༠ ལང་མི་ ཕོ་སྐྱེས་ཀྱི་ སྤུན་ཆ་ཨིན་པས།

མེ་རག་ལས་ སྐྱེས་ལོ་༧༡ ལང་མི་ ཕོ་སྐྱེས་བརྩིས་ཏེ་ མི་༣ ལུ་ ཀོ་བིཌ་-༡༩ ཐོབ་ཡོདཔ་ཨིན་པས།

བཀྲིས་སྒང་དང་ རང་བྱུང་ཁྲོམ་ དེ་ལས་ བྱང་ཕྱོགས་རྒེད་འོག་ཚུ་ནང་ འགྲོ་འགྲུལ་བཀག་དམ་ཡངས་ཆག་གཏང་ནི་དེ་ ནད་འབུབ་ཐོབ་མི་དང་ འབྲེལ་བ་འཐབ་མི་ཚུ་ འཚོལ་ཞིབ་འབད་བའི་ཤུལ་ལུ་དང་ བརྟག་དཔྱད་ཀྱི་ གྲུབ་འབྲས་ཚུ་ལུ་ རག་ལས་འོང་ཟེར་ རྫོང་ཁག་ལས་བྱེདཔ་ཚོགས་ཆུང་གི་ འཐུས་མི་ཚུ་གིས་ བཤད་ཡོད་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ། བཀྲིས་སྒང་། 

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *