མེ་རག་རྒེད་འོག་ལྟེ་བའི་འཁོར་ལམ།

མེ་རག་རྒེད་འོག་ལྟེ་བའི་འཁོར་ལམ་ རྩི་ནག་གཏང་ནི་དེ་ རྒེད་འོག་ལྟེ་བ་ལས་ འགོ་བཙུགས་ནི།

༉ མེ་རག་རྒེད་འོག་ལྟེ་བའི་འཁོར་ལམ་ རྩི་ནག་གཏང་ནི་དེ་ རྒེད་འོག་ལྟེ་བ་ལས་ འགོ་བཙུགས་ནི་སྦེ་ རྫོང་ཁག་བདག་སྐྱོང་གིས་ གྲོས་ཐག་བཅད་ནུག།
དེ་ཡང་ སྤྱི་ཟླ་༩ པའི་ཚེས་༥ ལུ་ རྫོང་རབ་ཀྱིས་ འགོ་འདྲེན་ཐོག་ལས་ འཆར་གཞི་འགོ་དཔོན་དང་ རྫོང་ཁག་བཟོ་རིག་འགོ་དཔོན་གྱིས་ མེ་རག་རྒེད་འོག་གི་ མི་སེར་ཚུ་དང་ གྲོས་བསྟུན་འབད་བའི་ཤུལ་ལུ་ གྲོས་ཐག་བཅད་ཡོདཔ་ཨིན་པས།
རྫོང་རབ་གོངམ་ དབང་ཕྱུག་རྡོ་རྗེ་གིས་ སླབ་མིའི་ནང་ འགོ་དཔོན་ཚུ་ མེ་རག་ལུ་ རྫོང་ཁག་ཚོགས་འདུའི་གྲོས་ཆོད་དང་ མི་སེར་གྱི་བར་ན་ སྟབས་མ་བདེཝ་བྱུང་མི་དེ་ བསལ་ནིའི་དོན་ལུ་མེན་པར་ རྩི་ནག་གཏངམ་ད་ མེ་རག་ལས་ འགོ་བཙུགས་པ་ཅིན་ ག་དེ་སྦེ་དྲག་ག་ཟེར་བའི་ གྲོས་བསྟུན་འབད་བར་ སོང་ཡི་ཟེར་ཨིན་པས།
ཁོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ མི་སེར་མང་ཤོས་ཀྱིས་ རྩི་ནག་གཏང་ནི་དེ་ མེ་རག་ལས་ འགོ་བཙུགས་པ་ཅིན་ཟེར་བའི་ རེ་བ་བསྐྱེད་ནུག་ཟེར་ཨིནམ་ད་ མི་སེར་མང་ཤོས་ཀྱིས་ རྩི་ནག་དེ་ རྒེད་འོག་ལྟེ་བ་ལས་གཏང་ནི་སྦེ་ གྲོས་འཆམ་བྱུང་ཡི་ཟེར་ཨིན་པས།
གཞུང་ལས་ སྤྱི་ལོ་༢༠༡༩-༢༠༢༠ གི་རྩིས་ལོ་ནང་ འཁོར་ལམ་རྩི་ནག་གཏང་ནིའི་དོན་ལུ་ མ་དངུལ་ཆ་འཇོག་གྲུབ་སྟེ་ རྫོང་ཁག་ནང་ ལྷོད་དེ་འབད་རུང་ ལམ་སེལ་ལས་ཁུངས་ཀྱི་ རྒེད་འོག་ལྟེ་བའི་འཁོར་ལམ་ རྩིས་མ་སྤྲོད་པར་ཡོདཔ་ལས་ རྩི་ནག་གཏང་ནི་དེ་ ནམ་འགོ་བཙུགས་ཚུགས་འོང་ག་ ཏན་ཏན་སྦེ་ སླབ་མི་ཤེས་ནི་ཨིན་པས།
རྫོང་རབ་དང་འཁྲིལ་བ་ཅིན་ ལམ་སེལ་ལས་ཁུངས་ཀྱིས་ འཁོར་ལམ་དུས་ཚོད་ཁར་ རྩིས་སྤྲོད་པ་ཅིན་ རྫོང་ཁག་གིས་ སྤྱི་ཟླ་༡༠ པའི་ བར་ཁམས་གཅིག་ཁར་ རྩི་ནག་གཏང་ནིའི་ དཔའ་བཅམ་དོ་ཟེར་ཨིན་པས།
མེ་རག་རྒེད་འོག་ལྟེ་བའི་ འཁོར་ལམ་རྩི་ནག་གི་དོན་ལུ་ རྩི་ལོ་༢༠༡༩-༢༠༢༠ ལུ་ དངུལ་ཀྲམ་ས་ཡ་༢༩ མ་དངུལ་ཆ་འཇོག་གྲུབ་ཡོད་མི་ལས་ དངུལ་ཀྲམ་ས་ཡ་༢༠ ལྷོད་མི་དེ་གིས་ ཀི་ལོ་མི་ཊར་༦ ལྷགཔ་ཅིག་ རྩི་ནག་གཏང་ཚུགས་པའི་ རེ་བ་བསྐྱེད་དེ་འདུག།
མེ་རག་རྒེད་འོག་ མཐུད་འབྲེལ་འབད་སའི་ ས་གནས་༣ ཡོད་མི་དེ་ཡང་ ཕོངས་མེད་རྒེད་འོག་ ཀརྨ་དགོན་པ་དང་ ར་ལྡི་གི་ས་གནས་ མཁར་དུང་ དེ་ལས་ ཤོང་ཕུག་རྒེད་འོག་ ལྕགས་གླིང་ཚུ་ཨིན་པས།
འཁོར་ལམ་མཐུད་འབྲེལ་༣ ཡོད་པའི་གྲས་ལས་ ས་གནས་མཁར་གདུང་དེ་ མེ་རག་རྒེད་འོག་ལྟེ་བའི་ འཁོར་ལམ་རྙིང་ཤོས་ཅིག་ཨིན་པའི་ཁར་ འཁོར་ལམ་མཐུད་འབྲེལ་འབད་ས་ ངོ་མ་དེ་ཁར་ལས་ཨིན་ཟེར་ ཐག་བཅད་ཡི་ཟེར་ ས་གནས་ཀྱི་ མི་སེར་ཚུ་གིས་ བཤདཔ་ཨིན་པས།
ལ་མཐོ་སར་ སྡོད་མི་ཚུ་དང་འཁྲིལ་བ་ཅིན་ ཕོངས་མེད་རྒེད་འོག་ ཀརྨ་དགོན་པ་བརྒྱུད་དེ་ རྩི་ནག་གཏང་པ་ཅིན་ མི་སེར་ལུ་ སྟབས་བདེ་ཏོག་ཏོ་ཡོད་པའི་ཁར་ ལྕགས་གླིང་ལས་འབད་བ་ཅིན་ ལམ་ཐུང་ཀུ་ཡོད་ཟེར་ཨིནམ་ད་ མཁར་གདུང་བརྒྱུད་དེ་ཡོད་མི་ འཁོར་ལམ་འབད་བ་ཅིན་ བརྟན་ཏོག་ཏོ་ཡོད་ཟེར་ཨིན་པས།
འཁོར་ལམ་མཐུད་འབྲེལ་འབད་མི་༣ གྱི་གྲས་ལས་ མེ་རག་ལས་ ཀི་ལོ་མི་ཊར་༡༠ ལུ་ ས་གནས་བུ་བུསི་ཏེ་ལུ་ལྷོདཔ་ད་ ཕོངས་མེད་རྒེད་འོག་ལས་ མེ་རག་འགྱོ་སའི་ འཁོར་ལམ་མཐུད་མཚམས་ལུ་ལྷོད་དོ་ཡོདཔ་ད་ མེ་རག་ལས་ ཀི་ལོ་མི་ཊར་༢༠ དེ་ཅིག་ལུ་ ལྕགས་གླིང་དང་ མཁར་གདུང་གི་འཁོར་ལམ་མཐུད་མཚམས་གུ་ ལྷོད་དོ་ཡོདཔ་ཨིན་པས།
ཨིན་རུང་ མེ་རག་རྒཔོ་ བླ་མ་རིན་ཆེན་གྱིས་ སླབ་མིའི་ནང་ མི་སེར་ཚུ་ རྫོང་ཁག་གིས་ གྲོས་ཆོད་བཏོན་མི་ལུ་ སེམས་དང་མ་ལྡནམ་ལས་ སྤྱི་འོག་བརྒྱུད་དེ་ རྒེད་འོག་ཚོགས་སྡེ་ནང་བཙུགས་ནི་སྦེ་ ཞལ་འཆམ་བྱུང་ཡི་ཟེར་ཨིནམ་ད་ རྒེད་འོག་ཚོགས་སྡེ་གྲོས་གཞི་ ཤུལ་མིའི་རྫོང་ཁག་ཚོགས་འདུ་ནང་ བཙུགས་འོང་ཟེར་ཨིན་པས།
ལ་མཐོ་སར་སྡོད་མི་ ཕུར་པ་རྡོ་རྗེ་གིས་ སླབ་དོ་བཟུམ་འབད་བ་ཅིན་ རྫོང་ཁག་ཚོགས་འདུ་ནང་ གྲོས་ཐག་མ་བཅད་པའི་ཧེ་མ་ མི་སེར་ལུ་ གྲོས་བསྟུན་འབད་དགོཔ་འོང་ཟེར་ཨིནམ་ད་ ད་རེས་ རྫོང་ཁག་གིས་ མེ་རག་ལས་ རྩི་ནག་གཏང་ནི་ཟེར་མི་དང་ རྒེད་འོག་གི་ མི་སེར་ཚུ་ལུ་ གྲོས་བསྟུན་འབད་འོང་ཟེར་ སླབ་མི་དེ་ལུ་ སེམས་དགའ་ཡི་ཟེར་ཨིན་པས།
གཞུང་ལས་ འཁོར་ལམ་རྩི་ནག་གཏང་ནིའི་དོན་ལུ་ འཆར་གཞི་༡༢ པའི་ནང་ མ་དངུལ་ དངུལ་ཀྲམ་ས་ཡ་༡༢༨.༣༡ ཆ་འཇོག་གྲུབ་ཡོད་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ། བཀྲིས་སྒང་།

 

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *