སྒོ་འབྱེད་འབད་མི་ རྒེད་འོག་འགག་སྡེའི་ཡིག་ཚང་གསརཔ།

མེ་རག་རྒེད་འོག་ནང་ རྒེད་འོག་འགག་སྡེ་ཡིག་ཚང་ གཞི་བཙུགས་འབད་ཡོདཔ།

༉ ཁ་ཙ་ བཀྲིས་སྒང་རྫོང་ཁག་བདག་སྐྱོང་དང་ འབྲེལ་ཡོད་འགོ་དཔོན་ཚུ་གིས་ མེ་རག་རྒེད་འོག་ནང་ རྒེད་འོག་འགག་སྡེའི་ཡིག་ཚང་གསརཔ་གཅིག་ སྒོ་འབྱེད་འབད་ཡི།
དེ་ཡང་ ལ་ཁ་མཐོ་ས་སྡོད་མིའི་ མི་སེར་ཚུ་ལུ་ ཁྲིམས་སྲུང་དང་འབྲེལ་བའི་ ཞབས་ཏོག་བྱིན་ཐབས་དང་ ཁྲིམས་འགལ་གྱི་ལཱ་འབད་མི་ མར་ཕབ་འབད་ཐབས་ལུ་ དམིགས་ཏེ་ཨིན་པས།
བཀྲིས་སྒང་རྫོང་ཁག་ ཁྲིམས་སྲུང་གཙོ་འཛིན་ དམག་སྲིད་འོགམ་ བསོད་ནམས་ཚེ་རིང་གིས་ སླབ་མིའི་ནང་ རྒེད་འོག་འགག་སྡེ་ གཞི་བཙུགས་འབད་མི་དེ་ མི་སེར་ལུ་ ཁྲིམས་སྲུང་དང་འབྲེལ་བའི་ཞབས་ཏོག་ ཐོབ་ཚུགས་ཐབས་ལུ་ ཨིན་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ རྒེད་འོག་འགག་སྡེའི་ཡིག་ཚང་མེད་པའི་སྐབས་ མེ་རག་གི་མི་སེར་ཚུ་ སག་སྟེང་ལུ་ འོང་དགོ་མི་ལུ་བརྟེན་ དཀའ་ངལ་བྱུང་ཡོད་མི་དེ་ ད་ལས་ཕར་ དཀའ་ངལ་མེད་པར་ མི་སེར་གྱིས་ ཁྲིམས་སྲུང་གི་ཞབས་ཏོག་ཚུ་ འཇམ་ཏོང་ཏོ་སྦེ་ ཐོབ་ཚུགས་ཟེར་ཨིན་པས།
དམག་སྲིད་འོགམ་ བསོད་ནམས་ཚེ་རིང་གིས་ སླབ་དོ་བཟུམ་འབད་བ་ཅིན་ རྒེད་འོག་འགག་སྡེ་ཡིག་ཚང་ནང་ ཁྲིམས་སྲུང་འགོ་དཔོན་༣ བགོ་བཀྲམ་འབད་དེ་ཡོདཔ་ལས་ ལས་བྱེདཔ་ཚུ་གིས་ ཁྲིམས་འགལ་དང་ མེ་རྐྱེན་སྲུང་སྐྱོབ་ ཕྱགས་སྙིགས་འཛིན་སྐྱོང་ སྣུམ་འཁོར་དང་འབྲེལ་བའི་ ཤེས་ཡོན་ཚུ་ གོ་བརྡ་སྤེལ་འོང་ཟེར་ཨིན་པས།
ཁྲིམས་སྲུང་འགག་པ་ཚུ་ལུ་བརྟེན་ མི་སྡེའི་ནང་ ལྟ་རྟོག་དང་ ཁྲིམས་འགལ་གྱི་ བྱ་རིམ་འཐབ་མི་ཚུ་ མར་ཕབ་འབད་ཚུགས་པའི་ཁར་ མ་འོངས་པའི་ནང་ ས་གནས་ཀྱི་ ལམ་ལུགས་དང་འཁྲིལ་ ཁྲིམས་སྲུང་འགག་པ་ ཁ་བསྐོང་བཙུགས་ནིའི་ འཆར་གཞི་ཡང་ ཡོད་ཟེར་ཨིན་པས།


ཁྲིམས་སྲུང་འགོ་དཔོན་ཚུ་གིས་ འབད་བ་ཅིན་ རྒེད་འོག་འགག་སྡེ་ གཞི་བཙུགས་འབད་མིའི་ དམིགས་ཡུལ་གཙོ་བོ་ར་ ས་གནས་མཐའ་ཟུར་གྱི་མི་སེར་ཚུ་ལུ་ ཁྲིམས་སྲུང་གི་ཞབས་ཏོག་ལེགས་ཤོམ་ མ་ཐོབ་མི་དང་ ཁྲིམས་འགལ་ནང་ གདོང་ལེན་སྦོམ་ཡོད་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།
མེ་རག་རྒཔོ་ བླ་མ་རིན་ཆེན་གྱིས་ སླབ་མིའི་ནང་ མེ་རག་ལུ་ ཁྲིམས་འགལ་གྱི་ ལཱ་མང་ཤོས་ར་ མཆོད་རྟེན་ཨར་རྐུན་དང་ རྩྭ་འབྲོག་ས་མཚམས་ཀྱི་ སྐོར་ལས་བྲེལ་ཟིང་ དེ་ལས་ ནོར་སེམས་ཅན་ཚུ་ བསད་དོ་ཡོད་པའི་ཁར་ ཕོ་མོའི་རྩུབ་སྤྱོད་དང་འབྲེལ་བའི་ གནད་དོན་ཚུ་ཡོད་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ རྒེད་འོག་འགག་སྡེ་གིས་ མེ་རག་གི་ ཁྱིམ་གུང་༣༡༠ ནང་ མི་སེར་༢,༣༠༠ ལྷགཔ་ཅིག་ལུ་ ཕན་ཐོགས་འབྱུང་འོང་ཟེར་ཨིནམ་ད་ མེ་རག་དེ་ རྒྱ་ནག་གི་ས་མཚམས་ཁར་འབདཝ་ལས་ ཉེན་སྲུང་ལུ་ཡང་ ཕན་ཐོགས་འབྱུང་ཚུགས་ནི་མས་ཟེར་ཨིན་པས།
མེ་རག་རྒཔོ་གིས་ གཡུས་སྒོའི་ནང་ ཁྲིམས་སྲུང་འགག་སྡེ་ དགོ་པའི་སྐོར་ལས་ ཞུ་བ་ལེ་ཤ་ར་འབད་ཡོད་རུང་ རྒེད་འོག་ནང་ ཁྲིམས་སྲུང་འགག་པ་སྡོད་སའི་ སྡོད་ཁྱིམ་མེད་མི་ལུ་བརྟེན་ ཡུན་འགྱངས་སྦེ་ ལུས་སོ་ནུག་ཟེར་ཨིན་པས།
ས་གནས་ཀྱི་ ཚོང་པ་ཕུར་པ་དབང་འདུས་ཀྱིས་ སླབ་མིའི་ནང་ མེ་རག་དེ་ ས་མཚམས་ཀྱི་ སྦོ་ལོགས་ཁར་འབདཝ་ལས་ ཁྲིམས་སྲུང་འགག་པ་ ཁག་ཆེཝ་ཡོད་ཟེར་ཨིནམ་ད་ ད་རེས་ རྒེད་འོག་འགག་སྡེ་ཐོབ་ནི་དེ་གིས་ ཉེན་སྲུང་དང་ལྡན་པའི་ ས་གནས་ཅིག་ལུ་ གྱུར་ཡི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ ཁྲིམས་སྲུང་འགག་སྡེའི་ ཞབས་ཏོག་ལེན་ནིའི་དོན་ལུ་ དཀའ་ངལ་སྦོམ་ཡོད་རུང་ ད་རེས་ ཡིག་ཚང་གཞི་བཙུགས་འབད་མི་གིས་ ཕན་ཐོགས་སྦོམ་ར་ འབྱུང་ནི་ཨིནམ་ལས་ སེམས་དགའ་ཡི་ཟེར་ཨིན་པས།
རྒེད་འོག་འགག་སྡེ་ཞབས་ཏོག་ཡིག་ཚང་ འགོ་འབྱེད་འབད་སར་ བཀྲིས་སྒང་རྫོང་བདག་དང་ སག་སྟེང་དྲུག་ཁག་གི་དྲུང་པ་ དྲང་དཔོན་ དེ་ལས་ ས་གནས་གཞུང་གི་ འགོ་འཁྲིདཔ་ཚུ་གིས་ བཅའ་མར་གཏོགས་ཡོད་པའི་གནས་ཚུལ།

བཀྲིས་སྒང། གནས་བརྟན་རྡོ་རྗེ།

 

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *