སྤྱི་ལོ་༢༠༡༨ ལུ་ མེ་རག་དང་སག་སྟེང་པ་ཚུ་གིས་ ཐབ་ཤིང་མི་ཊར་གྲུ་བཞི་༢,༠༨༦ ལག་ལེན་འཐབ་ནུག།

མེ་རག་དང་ སག་སྟེང་ལུ་ ཐབ་ཤིང་ལག་ལེན་ནང་ བསྒྱུར་བཅོས་མེདཔ།

༉ བཀྲིས་སྒང་རྫོང་ཁག་གི་ ས་ཁ་མཐོ་སའི་ བྱང་ཕྱོགས་ས་གནས་ སག་སྟེང་དང་ མེ་རག་རྒེད་འོག་གཉིས་ནང་ འཁོར་ལམ་མཐུད་སྦྲེལ་འབད་ཡོདཔ་མ་ཚད་ གློག་མེའི་མཐུན་རྐྱེན་ཡོད་རུང་ ཐབ་ཤིང་ལག་ལེན་འཐབ་ནི་དེ་ མར་འབབ་མ་འགྱོ་བས། 
དེ་ཡང་ སག་སྟེང་རི་དྭགས་སྲུང་སྐྱོབ་ས་ཁོངས་ལས་ མི་སེར་ཚུ་གིས་ ཐབ་ཤིང་གི་དོན་ལུ་ ལོ་༡ ནང་ ཤིང་༨༠༠ དང་༡,༠༠༠ གི་བར་ན་ བརྡབ་དོ་ཡོད་པའི་ ཚོད་རྩིས་བཏོན་ནུག།
མི་སེར་ཚུ་གིས་ ཐབ་ཤིང་རྒྱ་ཆེ་དྲགས་སྦེ་ ལག་ལེན་འཐབ་མི་དེ་ ཁྱིམ་དྲོད་ལྡན་ཐོག་ བཞག་ནི་དང་ བཞེས་སྒོ་འབད་ནིའི་དོན་ལུ་ ཨིན་ཟེར་ བཤདཔ་ཨིན་པས།
མེ་རག་དེ་ རྒྱ་མཚོའི་གནས་ཚད་ལས་ མཐོ་ཚད་མི་ཊར་༣,༥༠༠ དང་ སག་སྟེང་དེ་ མཐོ་ཚད་མི་ཊར་༢,༨༠༠ ཡོདཔ་ལས་ གནམ་བྱཱར་དགུན་མེད་པར་  གྱང་དོ་ཡོདཔ་ལས་ མེ་འཕུ་ནིའི་དོན་ལུ་ ཐབ་ཤིང་ར་ ལག་ལེན་འཐབ་དགོ་ཟེར་ སག་སྟེང་ལས་ སྐྱེས་ལོ་༦༥ ལང་མི་ པ་སངས་ཀྱིས་ སླབ་ཨིན་པས།
ཁོ་གིས་འབད་བ་ཅིན་ ཧེ་མ་དང་ཕྱདཔ་ད་ སག་སྟེང་པའི་ ཁྱིམ་གྱི་བཟོ་བཀོད་ཡང་ མ་འདྲཝ་སྦེ་ཡོདཔ་ལས་ ཁྱིམ་དྲོད་བཏག་ནི་དང་ ལྟོ་འབད་ནིའི་དོན་ལུ་ བྱ་ཐབས་མེད་པར་ ཐབ་ཤིང་ལག་ལེན་འཐབ་དགོ་པས་ཟེར་ཨིན་པས།
ཨ་ལོ་༢ ཀྱི་ཨའི་ བཀྲིས་ཆོས་འཛོམས་ཀྱིས་ སླབ་མའི་ནང་ སག་སྟེང་གཡུས་ཚན་གྱི་ཁྱིམ་ཚུ་ སྤུངས་འཛོམས་སྦེ་ཡོདཔ་ལས་ མེ་རྐྱེན་ལུ་འདྲོག་སྟེ་ ལྟོ་འབད་ནིའི་མཁོ་ཆས་ རེསི་ཀུ་ཀར་མ་གཏོགས་ གློག་ཆས་གཞན་དེ་ཅིག་ར་ ལག་ལེན་མི་འཐབ་པས་ཟེར་ཨིན་པས།
སག་སྟེང་རི་དྭགས་སྲུང་སྐྱོབ་ཀྱི་ འགོ་དཔོན་ཅིག་གིས་ ནགས་ཤིང་ཚུ་ ག་ལྷོད་བརྡབ་བཅུག་པ་ཅིན་ མ་འོངས་པ་ལུ་ ནགས་ཚལ་སྟོངམ་འཐོན་ནིའི་ ཉེན་ཁ་ཡོདཔ་ལས་ ག་དེ་དྲག་དྲག་ བཀག་ཆ་འབད་དོ་ཟེར་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ ནང་འཁོད་ནགས་ཚལ་འཛིན་སྐྱོང་སྡེ་ཚན་ བཟོ་སྟེ་ཡོདཔ་མ་ཚད་ ཤིང་ག་ཏེ་ལས་ བརྡབ་ཆོག་ནི་ཨིན་ན་ ས་ཁྲ་ཡང་བཟོ་སྟེ་ཡོད་མི་དེ་ཡང་ ནགས་ཤིང་ཡུན་བརྟན་བཞག་ཐབས་ལུ་ཨིན་ཟེར་ཨིན་པས།
ཞི་གཡོགཔ་ཅིག་གིས་ སླབ་མིའི་ནང་ ཐབ་ཤིང་གི་ཚབ་ལུ་ མེ་བསྲོ་ཧི་ཊར་ལག་ལེན་འཐབ་དགོ་པའི་ སེམས་ཤུགས་བསྐྱེད་དགོཔ་འདུག་ཟེར་ཨིན་པས།
རི་དྭགས་སྲུང་སྐྱོབ་ཡིག་ཚང་གིས་འབད་བ་ཅིན་ ལོ་༥ འི་རིང་ལུ་ སག་སྟེང་པ་ཚུ་གིས་ ཐབ་ཤིང་མི་ཊར་གྲུ་བཞི་༤,༤༨༠.༦༥༡ དང་ མེ་རག་ལུ་ མི་ཊར་གྲུ་བཞི་༧༢༧༠.༨༢༤ ལག་ལེན་འཐབ་ནུག་ཟེར་ཨིནམ་ད་ མེ་རག་དང་སག་སྟེང་པ་ཚུ་གིས་ སྤྱི་ལོ་༢༠༡༨ ལུ་ ཐབ་ཤིང་མི་ཊར་གྲུ་བཞི་༢,༠༨༦ ལག་ལེན་འཐབ་ཡོདཔ་ཨིན་པས།
ཐབས་ཤིང་དེ་ཡང་ སྤྱི་ཟླ་༣ པ་དང་༡༠ པའི་ནང་ བསྡུ་ལེན་འབད་དོ་ཡོདཔ་ད་ རི་དྭགས་སྲུང་སྐྱོབ་ཀྱི་ གླིང་ག་འགོ་དཔོན་ཚུ་གིས་ བཤད་མིའི་ནང་ གླིང་གའི་ཁ་ཐུག་ལས་ གཙུག་སྡེ་ཚུ་ལུ་ གློག་ཆས་ཐོག་ལས་ ལྟོ་འབད་ནིའི་མཁོ་ཆས་༢༡ དེ་ཅིག་ བྱིན་ཡོད་རུང་ འཐབ་ཤིང་ལག་ལེན་འཐབ་ནི་དེ་ མར་འབབ་དེ་ཅིག་ར་ མི་འགྱོ་བས་ཟེར་ཨིན་པས།
ཤིང་ཆས་དང་ ཐབ་ཤིང་མར་ཕབ་འབད་ཐབས་ལུ་ རི་དྭགས་སྲུང་སྐྱོབ་ཡིག་ཚང་གིས་ མི་སྡེ་ལུ་ གྲོགས་རམ་འབད་དོ་ཡོདཔ་ད་ སྤྱི་ལོ་༢༠༠༧ དང་༢༠༡༡ ལུ་ གུང་པ་༦༣༠ དེ་ཅིག་ལུ་ ལྕགས་ཤོག་ཡང་ བྱིན་ཡོད་པའི་ གནས་ཚུལ།

གནས་བརྟན་རྡོ་རྗེ། སག་སྟེང་།

About admin

Check Also

ཝང་ལིང་གཡུས་ཚན་ནང་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ལྕང་ལཱ་རྐྱབ་མ་ཚུགས་པའི་དཀའ་ངལ།

༉ ཀྲོང་གསར་གླང་མཐིལ་རྒེད་འོག་ ཝང་ལིང་གཡུས་ཚན་གྱི་ མི་སེར་ཚུ་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ན་ཧིང་ འབྱ་ལཱ་རྐྱབ་མ་ཚུགས་པར་ལུས་ཡོདཔ་ད་ དུས་ཅི་ཡང་ ག་དེ་སྦེ་ འབྱ་ལཱ་རྐྱབ་ཚུགས་ག་ཟེར་ ཚ་གྱང་ལང་སྟེ་འདུག། ཆུ་གཡུར་དེ་ ལོ་གསུམ་གྱི་ཧེ་མར་ ས་རུད་ཆད་མི་ལུ་བརྟེན་ འཕྱགས་བདའ་ཡོདཔ་ཨིན་རུང་ …

Leave a Reply

Your email address will not be published. Required fields are marked *