མེ་རག་གཡུས་ཚན།

མེ་རག་དང་ སག་སྟེང་གི་ ནོར་རྫིཔ་༩༥ གནམ་བྱཱར་གྱི་ རྩྭ་འབྲོག་ནང་བཏང་ཡོདཔ།

༉ བཀྲིས་སྒང་ མེ་རག་རྒེད་འོག་ནང་ འགྲོ་འགྲུལ་བཀག་དམ་ལྷོད་ཡངས་འབད་ནི་ འགོ་བཙུགས་པའི་ཤུལ་ལུ་ ནོར་རྫིཔ་ཚུ་ རང་སོའི་ལ་ནོར་དང་གཅིག་ཁར་ གནམ་བྱཱར་གྱི་ རྩྭ་འབྲོག་ནང་ འགྱོ་བཅུག་ནུག།

དེ་ཡང་ ཨར་ཊི་-པི་སི་ཨར་ཐོག་ལས་ ནད་ཡམས་ཀོ་བིཌ་-༡༩ འི་ བརྟག་དཔྱད་འབདཝ་ད་ ནད་རྟགས་མ་ཐོན་ནི་དེ་གིས་ཨིན་པས།

ཁ་ཙ་ཚུན་ མེ་རག་རྒེད་འོག་ལས་ ནོར་རྫིཔ་༧༠ དེ་ཅིག་ རང་སོའི་གནམ་བྱཱར་གྱི་ རྩྭ་འབྲོག་ནང་ ལྷོད་ཡོདཔ་ད་ གཞན་ནོར་རྫིཔ་༡༧ དེ་ ཤིང་མཁར་ལའུ་རི་དང་ ལོག་ཤི་ན་ལས་ སྤྱི་ཟླ་༦ པའི་ཚེས་༢༦ ལུ་ ལྷོད་ནི་ཨིན་པས།

མེ་རག་རྒཔོ་ བླམ་རིན་ཆེན་གྱིས་འབད་བ་ཅིན་ ཨར་ཊི་-པི་སི་ཨར་གྱི་ བརྟག་དཔྱད་འབད་དེ་ ནོར་དང་གཅིག་ཁར་ འོང་བཅུག་ཡོདཔ་བཞིན་དུ་ བདུན་ཕྲག་༡ རང་སོའི་རྩྭ་འབྲོག་ནང་ ཟུར་སྡོད་དགོཔ་སྦེ་ སླབ་སྟེ་ཡོད་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ རྒེད་འོག་བདག་སྐྱོང་གིས་ མི་སེར་དང་ ནོར་རྫིཔ་ཚུ་ གསོ་བའི་སྒྲིག་གཞི་གུ་ དམ་དམ་སྦེ་ གནས་བཅུག་དོ་ཟེར་ཨིན་པས།

གནམ་དགུན་ལས་ གནམ་བྱཱར་གྱི་ རྩྭ་འབྲོག་ནང་ འོང་པའི་སྐབས་ ནོར་རྫིཔ་དང་ རྒེད་འོག་བདག་སྐྱོང་༢ ཀྱི་བར་ན་ འགན་ཡིག་བཟོ་ཡོདཔ་ད་ དེ་ཡང་ ནོར་རྫིཔ་ཚུ་གིས་ བདུན་ཕྲག་༡ རྩྭ་འབྲོག་ནང་ ཟུར་སྡོད་དེ་ མི་གཞན་དང་འབྲེལ་བ་ མི་འཐབ་ནིའི་དོན་ལུ་ཨིན་པས།

གལ་སྲིད་ ཀོ་བིཌ་༡༩ འི་སྒྲིག་གཞི་ལས་ འགལ་སོང་པ་ཅིན་ ཉེས་ཁྲིམས་འབག་ནི་ཟེར་བའི་ འགན་རྒྱ་བཟོ་ཡི་ཟེར་ རྒཔོ་བླམ་རིན་ཆེན་གྱིས་ བཤདཔ་ཨིན་པས།

མེ་རག་གི་ མི་ཅིག་གིས་འབད་བ་ཅིན་ མི་ཚུ་ ཧེ་མ་བཟུམ་སྦེ་ ཕྱི་ཁར་གངམ་འཐོན་ནི་མེན་རུང་ རྒེད་འོག་ཕྱི་ཁར་འགྱོ་ནི་དེ་ ལཱ་ཁག་འདུག་ཟེར་ཨིན་པས།

སག་སྟེང་ལུ་འབད་བ་ཅིན་ ནད་རྟགས་མེད་པའི་ གྲུབ་འབྲས་ཐོན་མི་ ནོར་རྫིཔ་༢༥ ལྷགཔ་ཅིག་ རང་སོའི་རྩྭ་འབྲོག་ནང་ ལྷོད་ཡོདཔ་ད་ སག་སྟེང་རྒཔོ་ སངས་རྒྱས་རྡོ་རྗེ་གིས་འབད་བ་ཅིན་ རྒེད་འོག་དེ་ ཉེན་ཁ་ཅན་གྱི་ ས་ཁོངས་སྦེ་ ངོས་འཛིན་འབད་བའི་མཐའ་མར་ བཟའ་འཐུང་གི་རིགས་ཚུ་ དུས་ཚོད་ཁར་ཐོབ་ཚུགས་པར་ ལཱ་ཁག་འདུག་ཟེར་ཨིན་པས།

ནོར་གྱི་ཐོན་སྐྱེད་ཕྱིར་བཙོང་དང་ བཟོ་སྐྲུན་གྱི་ཅ་ཆས་ དེ་ལས་ མར་ཁུ་དང་ སྣུམ་འཁོར་ཚུ་ ཐོབ་ཚུགས་པར་ ལཱ་ཁག་འདུག་ཟེར་ བཤདཔ་ཨིན་པས།

ཁོ་གིས་ སླབ་མིའི་ནང་ རྒེད་འོག་ལས་ ཕྱི་ཁར་འགྱོ་མི་ ཡར་སེང་འགྱོ་དོ་ཡོདཔ་ལས་ ཟུར་བཞག་ཁང་གི་ མཐུན་རྐྱེན་ཚད་གཅིག་ལས་བརྒལ་མེདཔ་ལས་ གདོང་ལེན་འདུག་ཟེར་ཨིནམ་ད་ བདུན་ཕྲག་རེ་ནང་ ཉུང་ཤོས་མི་༡༠ རེ་འོངམ་མས་ཟེར་ཨིན་པས།

སག་སྟེང་གི་ སློབ་གྲྭ་ཚུ་ སྒོ་ཕྱེ་བཅུག་ཡོདཔ་ད་ མེ་རག་ལུ་འབད་བ་ཅིན་ སློབ་ཕྲུག་ཚུ་ ཡོངས་འབྲེལ་ཐོག་ལས་ དཔེ་ཆ་ལྷབ་དོ་ཡོདཔ་ལས་ སློབ་གྲྭ་སྒོ་ཕྱེ་ནིའི་དོན་ལུ་ རྫོང་ཁག་ཀོ་བིཌ་-༡༩འི་ གསལ་བསྒྲགས་ལུ་ སྒུག་ཡོད་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ། བཀྲིས་སྒང་།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *