བཀྲིས་སྒང་རྫོང་ཁག་ མེ་རག་ལུ་ མི་སེར་ཚུ་ ལ་ནོར་དང་གཅིག་ཁར་ རི་ཁ་ལས་ཕར་འགྱོཝ་ད་ ཁོང་རའི་ ཨ་ལོ་ཚུ་ཡང་ ཁྱིད་འགྱོ་དོ་ཡོདཔ་ལས་ དེ་གིས་ ཨ་ལོའི་ཤེས་ཡོན་ལུ་ ཐོ་ཕོག་དོ་ཡོད་མི་ལུ་བརྟེན་ རྫོང་ཁག་ཚོགས་འདུའི་ནང་ མེ་རག་སློབ་གྲྭ་ཆུང་བའི་ནང་ ལྟོ་ཐོབ་དང་ ནང་སྡོད་ཀྱི་ མཐུན་རྐྱེན་ཚུ་ གནང་དགོ་པའི་ གྲོས་འདེབས་བཀོད་ནུག།

མེ་རག་གི་ ལམ་སྲོལ་ལུ་བརྟེན་ སློབ་ཕྲུག་ཚུ་ ཤེས་ཡོན་སྦྱང་ནི་ལུ་ ཐོ་ཕོག་ཉེན་ཡོདཔ།

༉ བཀྲིས་སྒང་མེ་རག་གི་ མི་སེར་ཚུ་ ཟླཝ་༩ དེ་ཅིག་གི་རིང་ ནོར་གྱི་བྱང་ས་ལུ་ སྡོད་དོ་ཡོདཔ་ལས་ སྤྱི་ཟླ་༦ པ་དང་༧ པ་མ་གཏོགས་ དུས་ཚོད་མང་ཤོས་ར་ ཁྱིམ་ཚུ་སྒོ་ལྡེ་མིག་རྐྱབ་སྟེ་ བཞག་དོ་ཡོདཔ་ཨིན་པས།
དེ་འབདཝ་ལས་ མེ་རག་གི་ ལམ་སྲོལ་ལུ་བརྟེན་ སློབ་ཕྲུག་ཨ་ལོ་ཚུ་གི་ ཤེས་ཡོན་སྦྱང་ནི་ལུ་ ཚ་གྱང་ལང་དོ་ཡོདཔ་ཨིན་པས།
ཁ་ཙ་ བཀྲིས་སྒང་ལུ་སྦེ་ རྫོང་ཁག་ཚོགས་འདུ་འཚོགས་པའི་སྐབས་ མེ་རག་གི་རྒཔོ་ བླམ་རིན་ཆེན་གྱིས་ ཕམ་ཚུ་ གཡུས་ཁ་ལས་ ནོར་གྱི་བྱང་ས་ལུ་ གནས་སྤོ་འགྱོ་བའི་སྐབས་ ཨ་ལོ་ཆུང་ཀུ་ཚུ་ ཁོང་རང་དང་གཅིག་ཁར་ ཁྱིད་འགྱོ་དོ་ཡོདཔ་ལས་ དེ་གིས་ ཕམ་དང་ཨ་ལོ་གཉིས་ཆ་ར་ལུ་ དཀའ་ངལ་འདུག་ཟེར་ཨིན་པས།
རྒྱུ་མཚན་དེ་ལུ་བརྟེན་ མེ་རག་སློབ་གྲྭ་ཆུང་བའི་ནང་ བཞེས་སྒོ་དང་ ནང་སྡོད་ཀྱི་ མཐུན་རྐྱེན་ཚུ་ གནང་ཚུགས་པ་ཅིན་ ཕན་ཐོགས་སྦོམ་འོང་ནི་མས་ཟེར་ སླབ་ཨིན་པས།
རྒཔོ་གིས་འབད་བ་ཅིན་ ཕམ་ཚུ་ ནོར་གྱི་བྱང་སར་ འགྱོ་དགོ་ནི་དེ་གིས་ ཨ་ལོ་ཚུ་ ཁྱིམ་ནང་བལྟ་མི་ག་ཡང་མེདཔ་ལས་ གཅིག་ཁར་ཁྱིད་འགྱོ་བའི་བསྒང་ལས་ ཨ་ལོ་ཚུ་ ཤེས་ཡོན་སྦྱང་མ་ཚུགས་པའི་ དཀའ་ངལ་ཡོད་ཟེར་ ཨིན་པས།
ནང་སྡོད་ཀྱི་མཐུན་རྐྱེན་ གནང་ཚུགས་པ་ཅིན་ ཕམ་ཚུ་གིས་འབད་རུང་ ཁོང་རའི་ཨ་ལོ་ཚུ་ བློ་བདེ་ཏོག་ཏོ་སྦེ་ སློབ་གྲྭ་ནང་ བཞག་ཚུགས་ནི་ཨིནམ་མ་ཚད་ ཨ་ལོ་གསརཔ་སློབ་གྲྭ་ནང་ བཙུགས་ནིའི་གྱངས་ཁ་དེ་ཡང་ ཡར་སེང་འགྱོ་དོ་འོང་ཟེར་ བཤད་ཡོདཔ་ཨིན་པས།
རྫོང་ཁག་ཤེས་རིག་འགོ་དཔོན་ ཕུན་ཚོགས་ཀྱིས་ བཤད་མི་དང་འཁྲིལཝ་ད་ སློབ་གྲྭ་དང་ གཡུས་ཚན་གཉིས་ ཉེ་འདབས་ལུ་ཡོདཔ་ལས་ ནང་སྡོད་ཀྱི་ མཐུན་རྐྱེན་བྱིན་ནིའི་ཐད་ཁར་ ལཱ་ཁག་རྐྱབ་ནི་མས་ཟེར་ཨིན་པས།
ཨིན་རུང་ ས་གནས་གཞུང་གི་འགོ་ཁྲིདཔ་ཚུ་གིས་ མི་སེར་གྱི་ འཚོ་བའི་གནས་སྟངས་དང་ ལམ་ལུགས་སྲོལ་ཚུ་གི་སྐོར་ལས་ ལེགས་ཤོམ་སྦེ་ གསལ་བཤད་འབད་བ་ཅིན་ འབྲེལ་ཡོད་དབང་འཛིན་ཚུ་གིས་ གནས་སྟངས་དེ་གུ་ དབྱེ་དཔྱད་འབད་དེ་ བལྟ་དོ་འོང་ཟེར་ཨིན་པས།
འགོ་དཔོན་ཚུ་གིས་འབད་བ་ཅིན་ མེ་རག་རྒེད་འོག་དེ་ ས་མཚམས་ཁར་ ཆགས་ཏེ་ཡོདཔ་ལས་ ཨ་ལོ་ཚུ་ལུ་ ནང་སྡོད་ཀྱི་མཐུན་རྐྱེན་བྱིན་ཚུགས་པ་ཅིན་ དེ་གིས་ ས་གནས་ནང་ མི་རྒྱུན་མ་ཆད་པར་ བཞག་ནི་ལུ་ ཕན་ཐོགས་འབྱུང་ཚུགས་ནི་མས་ཟེར་ཨིན་པས།
རྒཔོ་བླམ་རིན་ཆེན་གྱིས་ སླབ་མིའི་ནང་ སྤྱི་ལོ་༡༩༨༧ ལས་ ས་གནས་ཀྱི་ མི་ཚུ་གི་ འཚོ་བའི་གནས་སྟངས་ཡར་དྲག་གཏང་ཐབས་ལུ་ སློབ་གྲྭ་འགོ་བཙུགས་ཡོད་མི་དེ་ ད་ལྟོའི་བར་ན་ཡང་ གཞི་རྟེན་མཐུན་རྐྱེན་ དཔེར་ན་ ཕུཊ་བཱོལ་རྩེད་ཐང་ཅིག་ར་ མེད་ཟེར་ཨིན་པས།
འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ད་ལྟོ་མེ་རག་གི་ སོ་ནམ་ཞིང་ལམ་གྱི་ གནས་སྟངས་དེ་ཡང་ ལེགས་ཤོམ་མེདཔ་ལས་ རྐང་རྩེད་ཐང་ བཟོ་སྐྲུན་འབད་ནིའི་ཅ་ཆས་ཚུ་ ས་གནས་ནང་ འབག་བསྐྱལ་ནི་ལུ་ ལཱ་ཁག་ཡོདཔ་ལས་ ལཱ་འགོ་བཙུགས་མ་ཚུགས་མི་དེ་ཡང་ གནད་དོན་དེ་ལུ་བརྟེན་ ཨིན་ཟེར་ཨིན་པས།
རྫོང་ཁག་ཚོགས་འདུའི་ འཐུས་མི་ཡོངས་ཀྱིས་ མེ་རག་སློབ་གྲྭ་ཆུང་བའི་ནང་ ནང་སྡོད་མཐུན་རྐྱེན་དང་ ཕུཊ་བཱོལ་རྩེད་ཐང་ བཟོ་སྐྲུན་འབད་ནིའི་དོན་ལུ་ ཤེས་རིག་ལྷན་ཁག་དང་གཅིག་ཁར་ གྲོས་བསྟུན་འབད་ནི་ ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཡེ་ཤེས་སྒྲོལ་མ།

About admin

Check Also

སྤོང་ཅུ་ལ་ལུ་ གནམ་གྲུ་ཐང་རྐྱབ་ནི་གི་ འོས་འབབ་མེདཔ་བཟུམ་ཡོདཔ།

༉ མོང་སྒར་སྤོང་ཅུ་ལའི་ ས་ཁོངས་དེ་ ཆུང་ཀུ་ཡོདཔ་ལས་ རྒྱལ་སྤྱིའི་གནམ་གྲུ་ཐང་རྐྱབ་ནིའི་ འོས་འབབ་མེདཔ་བཟུམ་ཅིག་ཡོདཔ་ཨིན་པས། དེ་ཡང་ སྤྱི་ཟླ་༡༡ པའི་ཚེས་༢༦ ལུ་ རྒྱལ་ཡོངས་ཚོགས་འདུ་ནང་ མོང་སྒར་གྱི་འཐུས་མི་ ཀརྨ་ལྷ་མོ་གིས་ གནམ་གྲུ་ཐང་གཞི་བཙུགས་ཀྱི་ འཆར་གཞིའི་ལས་སྣ་དེ་ …

Leave a Reply

Your email address will not be published. Required fields are marked *