མེ་མོ་བྱ་ལོ་འདི་ ཕྱི་འབྲེལ་མཐུན་ལམ་ ལེགས་བསྒྱུར་འགྱོ་བའི་ལོ་སྦེ་ རྗེས་སུ་དྲན་ནི།

༉ རང་ལུགས་གནམ་ལོ་བྱ་ལོ་འདི་ནང་ འབྲུག་གི་དོན་ལུ་ ཕྱི་འབྲེལ་གནད་དོན་ནང་ སྔོན་ཆད་མ་བྱུང་བའི་ དམིགས་བསལ་གྱི་ དྲན་རྟགས་དག་པ་ཅིག་ བྱུང་ཡོད་མི་ཚུ་ རྒྱལ་རབས་ནང་ ཚུད་ནི་ཨིནམ་ལས་ ནམ་ཡང་བརྗེད་མ་ཚུགས་པའི་ ལོ་ཅིག་སྦེ་ རྗེས་སུ་དྲན་འོང་།
དེ་ཡང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུན་དང་ ཕྱག་ཞུ་སྟེ་ མི་དབང་རྒྱལ་སྲས་ འཇིགས་མེད་རྣམ་རྒྱལ་དབང་ཕྱུག་གིས་ རྒྱ་གར་གྱི་བློན་ཆེན་ ན་རེན་ད་ར་མོ་དི་གིས་ མགྲོན་བརྡ་ཕུལ་མི་དང་བསྟུན་ ན་ཧིང་ སྤྱི་ཟླ་༡༡ པའི་ནང་ རྒྱ་གར་རྒྱལ་ཁབ་ནང་ གཟིགས་སྐོར་དང་པ་ གནང་ཡོདཔ་བཞིན་དུ་ མི་དབང་རྒྱལ་སྲས་མཆོག་ལུ་བརྟེན་ དབུ་ཁྲིད་དང་ མི་སེར་ལེ་ཤ་ཅིག་གི་ ཡིད་འཕྲོག་སྟེ་ འབྲུག་ལུ་ བརྩེ་གདུང་དང་ ཡིད་ཆེས་ཚུ་ཐོབ་ཅི།
ད་རུང་ སྤྱི་ཟླ་༡༠ པའི་ནང་ བེང་ཀོག་ལུ་ ཐའི་ལེནཌི་གི་རྒྱལཔོ་ མི་དབང་ཞིང་གཤེགས་ བྷུ་མི་བཱོལ་ ཨ་དཱུལ་ཡ་དེཇ་མཆོག་གི་ སྤུར་སྦྱང་ཕུལ་སར་ མི་དབང་རྒྱལ་བཙུན་རྣམ་གཉིས་ཀྱིས་ གུས་བཏུད་ཞུ་ཡི།
འབྲུག་དང་ ཐའི་ལེནཌ་གི་བར་ན་ དམིགས་བསལ་གྱི་ མཐུན་འབྲེལ་ཡོད་པའི་ཁར་ འབྲུག་ལུ་ མི་དབང་ཞིང་གཤེགས་དམ་པ་ བྷུ་མི་བཱོལ་ ཨ་དཱུལ་ཡ་དེཇ་མཆོག་ལུ་ ཡིད་སྨོན་དང་ གུས་ཞབས་སྦོམ་ཡོད་མི་ལུ་བརྟེན་ རྒྱལཔོ་གཤགས་མིའི་ དགེ་རྩ་དང་འབྲེལ་ ཐིམ་ཕུག་ཀུན་གསལ་ཕོ་བྲང་ནང་སྦེ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ དབུ་བཞུགས་ཐོག་ལས་ བསྔོ་སྨོན་ཚུ་གནང་སར་ འབྲུག་གི་ སྐུ་འཁོར་ལྷན་རྒྱས་ཀྱིས་ བཅའ་མར་གཏོགས་གནང་ཡི།
ལོ་ངོ་༢༠ གི་ཧེ་མར་ མོ་རའི་ཡབ་ཡུམ་གཉིས་ འབྲུག་རྒྱལ་ཁབ་ནང་ གཟིགས་སྐོར་གནང་མི་དེ་གིས་ སེམས་ཤུགས་བྱུང་མི་ ཇ་པཱན་གྱི་ ཨ་ཀི་ཤི་ནོའི་སྲསམོ་ མ་ཀོ་དེ་ འབྲུག་ལུ་ སྤྱི་ཟླ་༦ པའི་ཚེས་༡ ལུ་ ཕེབས་ཡོདཔ་ད་ སྲསམོ་གིས་ མོ་ར་ སྐྱེས་ལོ་༥ ལངམ་ད་ར་ འབྲུག་ལུ་ འོང་ནི་གི་ མནོ་བསམ་བཏང་སྡོད་ཅི་ཟེར་གསུངས་ཡི།
མི་དབང་སྐུ་འཁོར་ཚུ་གིས་ དུས་རྒྱུན་དུ་ གཟིགས་སྐོར་གནང་མི་ལུ་བརྟེན་ རྒྱལ་ཁབ་གཉིས་ཀྱི་བར་ན་ མཐུན་ལམ་སྒྲིང་སྒྲི་བཟོ་ནི་ལུ་ ལྷན་ཐབས་སྦོམ་བྱུང་ཡོདཔ་ད་ ཇ་པཱན་གྱིས་ བྱ་ལོ་དེ་ནང་ ཞིང་རྨོ་འཕྲུལ་ པ་ཝར་ཊི་ལར་༣༥༣ ཞལ་འདེབས་སྦེ་ བྱིན་ཡོད་མི་དེ་བརྩིསཝ་ད་ འདས་པའི་ལོ་ངོ་༣༠ གི་རིང་ལུ་ སོ་ནམ་འཕྲུལ་ཆས་བསྡོམས་༣,༥༩༢ གྲོགས་རམ་བྱིན་ནུག།
ཇ་པཱན་དང་ འབྲུག་གི་བར་ན་ ཕྱི་འབྲེལ་དོན་གཅོདཔ་མཐུན་ལམ་ གཞི་བཙུགས་འབད་དེ་ མི་ལོ་༣༠ འཁོར་བའི་ དུས་སྟོན་དེ་ སྤྱི་ལོ་༢༠༡༦ ལུ་ བརྩི་སྲུང་འབད་ཡི།
དེ་ལས་ ཁྱིམ་མཚེས་རྒྱལ་ཁབ་ བང་ལ་དེཤ་གི་བློན་ཆེན་ ཤེག་ཧ་སི་ན་གིས་ སྤྱི་ཟླ་༤ པའི་ནང་ འབྲུག་ལུ་ གཟིགས་སྐོར་གནང་མི་དེ་གིས་ ཕྱི་འབྲེལ་དོན་གཅོད་མཐུན་ལམ་ ལྷག་པར་དུ་ དམ་ཟབ་སོང་ཡོདཔ་ད་ སྤྱི་ལོ་༢༠༡༦ ལུ་ བང་ལ་དེཤ་གི་སྲིད་འཛིན་མཆོག་ རྒྱལ་ཁམས་ཀྱི་ གཟིགས་སྐོར་ནང་ཕེབས་ཅི།
འབྲུག་ལུ་ གཟིགས་སྐོར་ཐེངས་གཉིས་པ་བྱོནམ་ད་ བང་ལ་དེཤ་གི་ བློན་ཆེན་དང་ མོ་གི་འཐུས་མི་སྡེ་ཚན་གྱིས་ མི་དབང་རྒྱལ་བཙུན་རྣམ་གཉིས་ཀྱི་ སྐུ་མདུན་ལུ་ བཅར་ཡོདཔ་ད་ ཐིམ་ཕུག་ཧེ་འཇོ་ལུ་ བློན་ཆེན་ཤེག་ཧ་སི་ན་གིས་ བང་ལ་དེཤ་གི་ གཞུང་ཚབ་ལས་ཁང་རྐྱབ་སའི་ ས་ཁོངས་སྒོ་འབྱེད་གནང་སར་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ བྱོན་གནང་ཡོདཔ་བཞིན་དུ་ སྒོ་འབྱེད་རྟེན་འབྲེལ་དེ་ བང་ལ་དེཤ་གི་གཞུང་ཚབ་དང་པ་གིས་ སྤྱི་ལོ་༡༩༧༩ ལུ་ ཁོ་རའི་གཞུང་ཚབ་ཀྱི་ ངོ་སྤྲོད་ཡིག་ཆ་ཕུལ་ཞིནམ་ལས་ཚུར་ དམིགས་བསལ་ཅན་ཅིག་འབད་ནི་དེ་གིས་ཨིན་པས།
འབྲུག་དང་ ཀོ་རི་ཡ་རྒྱལ་ཁབ་ཀྱི་བར་ན་ སྤྱི་ལོ་༡༩༨༧ ཟླ་༩ པའི་ཚེས་༢༤ ལུ་ ཕྱི་འབྲེལ་དོན་གཅོད་པའི་མཐུན་འབྲེལ་ གཞི་བཙུགས་འབད་བའི་ཤུལ་ལས་ སྤྱི་ལོ་༢༠༡༧ ལུ་ ལོ་ངོ་༣༠ འཁོར་བའི་ དུས་སྟོན་བརྩི་སྲུང་འབད་ཡི།
ད་རུང་ བྱ་ལོ་དེ་ནང་ འབྲུག་དང་ ཨཱསི་ཊ་ལི་ཡའི་ཕར་ན་ དོན་གཅོད་མཐུན་ལམ་ གཞི་བཙུགས་འབད་དེ་ མི་ལོ་༡༥ འཁོར་བའི་ དུས་སྟོན་ཡང་ བརྩི་སྲུང་འབདཝ་བཞིན་དུ་ འབྲུག་གིས་ སྤྱི་ལོ་༢༠༡༨ ལུ་ ཨཱསི་ཊ་ལི་ཡའི་མི་ཚུ་ རྒྱལ་ཁབ་ནང་ ལྟ་སྐོར་ལུ་ འོང་ནི་གི་ གོ་སྐབས་བྱིན་ཡི།
དེ་མ་ཚད་ འབྲུག་གིས་ གཞུང་ཚབ་གསརཔ་ཚུ་ བསྐོ་བཞག་གནང་ཡོདཔ་མ་ཚད་ རྒྱལ་ཁབ་གཞན་ཚུ་ལས་ གཞུང་ཚབ་ལེ་ཤ་ཅིག་གིས་ར་ རྒྱལ་ཁབ་ནང་ གཞུང་འབྲེལ་ལྟ་སྐོར་འབད་ཡི།
གནམ་ལོ་ཁྱི་ལོ་འདི་ནང་ འབྲུག་དང་རྒྱ་གར་གྱི་བར་ན་ དོན་གཅོད་མཐུན་འབྲེལ་ གཞི་བཙུགས་འབད་དེ་ མི་ལོ་༥༠ འཁོར་བའི་ དུས་སྟོན་བརྩི་སྲུང་འབད་ནི་ཨིནམ་བཞིན་དུ་ སྤྱི་ཟླ་༢ པའི་ཚེས་༢ ལུ་ རྒྱ་གར་གུ་ཧ་ཊི་ལུ་ འབྲུག་གི་དོན་གཅོད་ཡོངས་ཁྱབ་ཡིག་ཚང་ སྒོ་ཕྱེ་ཡི།
དོན་གཅོད་ཡིག་ཚང་དེ་གིས་ ཨ་སམ་མངའ་སྡེ་རྐྱངམ་གཅིག་མེན་པར་ རྒྱ་གར་གྱི་ བྱང་ཤར་མངའ་སྡེ་ ཨ་རུ་ན་ཅཱལ་ པར་དེཤ་དང་ ན་ག་ལེནཌ་ མེ་ག་ལ་ཚུ་ནང་ ཁྱབ་ནི་ཨིནམ་ད་ ཡིག་ཚང་སྒོ་ཕྱེ་མི་ལུ་བརྟེན་ འབྲུག་གི་ནདཔ་ཚུ་ སྨན་བཅོས་འབད་བར་ ཨ་སམ་ལུ་བཏངམ་ད་ ཕན་ཐོགས་འབྱུང་ནི་ཨིན་པས།
རྒྱ་འབྲུག་གི་མཐུན་འབྲེལ་ གཞི་བཙུགས་འབད་དེ་ མི་ལོ་༥༠ འཁོར་བའི་ དུས་སྟོན་བརྩི་སྲུང་ འགོ་བཙུགསཔ་དང་འབྲེལ་ སྤྱི་ཟླ་༡ པའི་ཚེས་༡༢ ལུ་ ཕྱི་འབྲེལ་བློན་པོ་༢ ཀྱིས་ ལས་རྟགས་འགོ་འབྱེད་གནང་ཡི།
ད་ལས་ཕར་ རྒྱལ་ཁབ་ནང་ དུས་སྟོན་གཅིག་ཤུལ་གཉིས་ཤུལ་སྦེ་ བརྩི་སྲུང་ཞུ་ནི་གི་ རེ་བ་ཡོད་ཟེར་ ཞུ་ནི་ཨིན།

རིག་འཛིན་དབང་ཕྱུག།

About admin

Check Also

ཝང་ལིང་གཡུས་ཚན་ནང་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ལྕང་ལཱ་རྐྱབ་མ་ཚུགས་པའི་དཀའ་ངལ།

༉ ཀྲོང་གསར་གླང་མཐིལ་རྒེད་འོག་ ཝང་ལིང་གཡུས་ཚན་གྱི་ མི་སེར་ཚུ་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ན་ཧིང་ འབྱ་ལཱ་རྐྱབ་མ་ཚུགས་པར་ལུས་ཡོདཔ་ད་ དུས་ཅི་ཡང་ ག་དེ་སྦེ་ འབྱ་ལཱ་རྐྱབ་ཚུགས་ག་ཟེར་ ཚ་གྱང་ལང་སྟེ་འདུག། ཆུ་གཡུར་དེ་ ལོ་གསུམ་གྱི་ཧེ་མར་ ས་རུད་ཆད་མི་ལུ་བརྟེན་ འཕྱགས་བདའ་ཡོདཔ་ཨིན་རུང་ …

Leave a Reply

Your email address will not be published. Required fields are marked *