མུར་མུང་དང་ ལྷུན་རྩེ་ཁྲོམ་གྱི་ཕྲང་ལམ་ཁར་ སྣུམ་འཁོར་ཆུང་བ་ཚུ་ ཐལ་མི་ཚུགས་པའི་དཀའ་ངལ།

༉ ལྷུན་རྩེ་ སྨན་སྦིས་རྒེད་འོག་ སྐམ་དར་གཡུས་ཚན་ལས་ ལྷུན་རྩེ་ཁྲོམ་ཁར་ ཕྲང་ལམ་བཏོན་མི་དེ་ སྣུམ་འཁོར་ཆུང་བ་ཚུ་གིས་ ལག་ལེན་འཐབ་མི་ཚུགས་དོ་ཡོདཔ་ལས་ མི་སེར་ཚུ་ སེམས་མ་དགའ་བར་ཡོདཔ་ཨིན་པས།

སྨན་སྦིས་རྒཔོ་ ཚུལ་ཁྲིམས་ལ་གིས་ བཤད་མིའི་ནང་ ཕྲང་ལམ་དེ་ ངང་ལ་ཤིང་ཟེར་སར་ལྷོདཔ་ད་ འཁོར་ལམ་མི་ཊར་༣༠ དེ་ཅིག་ གྱེན་འཛེགས་དགོཔ་ལས་ སྣུམ་འཁོར་ཆུང་བ་ཚུ་ ཐལ་མ་ཚུགས་པའི་དཀའ་ངལ་ ཐོན་ཏེ་ཡོད་ཟེར་ཨིན་པས།

སྤྱི་ལོ་༢༠༠༩ དང་༢༠༡༠ ལུ་བཏོན་མི་ཕྲང་ལམ་ ཀི་ལོ་མི་ཊར་༡༣ ལྷགཔ་ཅིག་འབད་མི་དེ་ རྒེད་འོག་གིས་ ཀི་ལོ་མི་ཊར་༤.༥ བསལ་ཡོདཔ་ད་ ལྷག་ལུས་ཀི་ལོ་མི་ཊར་༩ པོ་དེ་ རྫོང་ཁག་གིས་ བསལ་ནུག་ཟེར་ རྒཔོ་གིས་བཤདཔ་ཨིན་པས།

ཁོ་གིས་ སླབ་མིའི་ནང་ ཕྲང་ལམ་དེ་ལས་ ལྷུན་རྩེ་ལུ་འགྱོ་བ་ཅིན་ ལམ་ཐག་ཐུངམ་ལས་ ས་ཁོངས་དེ་གི་འཁོར་ལམ་དེ་ འཆར་གཞི་༡༢ པའི་ནང་ ལོག་བསལ་ནིའི་ འཆར་གཞི་ཚུ་ ཡོད་ཟེར་ཨིན་པས།

སྨན་སྦིས་རྒེད་འོག་གི་ མི་སེར་ཚུ་གིས་ ཧེ་མའི་འཁོར་ལམ་བརྒྱུད་དེ་འགྱོ་བ་ཅིན་ ཀི་ལོ་མི་ཊར་༢༠ ལྷགཔ་ཅིག་ཡོདཔ་ལས་ མུར་མུང་དང་ སྟག་སྐད་ལ་ སྤང་གསེར་ དེ་ལས་ ཕ་ཏ་ལ་གཡུས་ཚན་གྱི་ མི་ཚུ་གིས་ ཁྲོམ་ཁར་འགྱོ་ནིའི་དོན་ལུ་ ཕྲང་ལམ་དེ་ར་ ལག་ལེན་འཐབ་དོ་ཡོདཔ་ཨིན་པས།

མུར་མུང་ལས་ བདེ་སྐྱིད་ཀྱིས་ བཤད་མིའི་ནང་ ཕྲང་ལམ་དེ་ སེལ་བའི་ཤུལ་ལས་ ལྷུན་རྩེ་ལུ་འགྱོ་དགོཔ་ཐོན་པའི་སྐབས་ དུས་ཚོད་ལེ་ཤ་གིས་ ཐུང་བའི་ཁར་ འགྲོ་འགྲུལ་འབད་བའི་སྐབས་ལུ་ཡང་ སྟབས་བདེ་ནི་མས་ཟེར་ཨིན་པས།

མུར་མུང་གཡུས་ཚན་ནང་ ཁྱིམ་གུང་པ་བརྒྱད་ཡོདཔ་ད་ ཕ་ཏ་ལ་ལུ་ གུང་པ་དྲུག་ལས་ མེདཔ་ཨིན་པས།

ཕ་ཏ་ལ་ལས་ སྒྲོལ་མ་གིས་ སླབ་མིའི་ནང་ གཡུས་ཚན་དེ་གི་ མི་སེར་ཚུ་གིས་ ཚོད་བསྲེའི་ཐོན་སྐྱེད་དུམ་གྲ་རེ་ཐོན་མི་ཚུ་ ལྷུན་རྩེ་ཁྲོམ་ཁར་ བཙོང་པར་འབག་འགྱོ་བའི་སྐབས་ ཞིང་ལམ་དེ་གིས་ ཕན་ཐོགས་སྦོམ་ཡོད་རུང་ སྐབས་ཅིག་ སྣུམ་འཁོར་ཆུང་བ་ཚུ་ འགྱོ་མ་ཚུགས་ནི་དེ་གིས་ སྣུམ་འཁོར་འོང་མི་ཡང་མེདཔ་ལས་ འོང་འབབ་བཟོ་ནི་ལུ་ དུམ་གྲ་ཅིག་ ཐོ་ཕོག་སྟེ་ཡོད་ཟེར་ཨིན་པས།

མུར་མུང་ལས་ དཀོན་མཆོག་གིས་ སླབ་མིའི་ནང་ ཆརཔ་རྐྱབ་པའི་སྐབས་ སྣུམ་འཁོར་ཆུང་བ་ཚུ་གིས་ འགྱོ་མི་བཏུབ་པས་ཟེར་ཨིན་པས།

ཕྲང་ལམ་དེ་ལུ་ ཟད་འགྲོ་ག་དེམ་ཅིག་ གནས་ཡོདཔ་ཨིན་ན་ མི་ཤེས་དོ་ཡོད་རུང་ རྒེད་འོག་གནང་བྱིན་མ་དངུལ་དང་ རྫོང་ཁག་གིས་ མ་དངུལ་བཏོན་ཏེ་ བསལ་ཡོདཔ་ད་ ཕྲང་ལམ་དེ་ ལྷུན་རྩེ་རྫོང་གི་ལྟག་ལས་ ཐོནམ་ཨིན་པས།

རྫོང་ཁག་བཟོ་རིག་འགོ་དཔོན་ སྐལ་བཟང་གིས་འབད་བ་ཅིན་ ཕྲང་ལམ་དེ་ དཀའ་ངལ་ག་ནི་ཡང་མེདཔ་ལས་ སྣུམ་འཁོར་ཚུ་ རྒྱུན་འགྲུལ་འཐབ་བཞིན་དུ་ཡོདཔ་ཨིན་རུང་ ས་ཁོངས་དག་པ་ཅིག་ནང་ སྣུམ་འཁོར་ཆུང་བ་ཚུ་ མ་ཐལ་བའི་སྐོར་ལས་ ག་ནི་ཡང་ སླབ་མ་བཏུབ་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

བཟའ་གྲོགས་ལུ་ ཨམ་སྲུ་༤༤ ནག་ཚོང་འཐབ་པའི་ ཉེས་འཛུགས་ཀྱི་གྲོས་འདེབས།

རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཉེས་འཛུགས་ཚུ་ལུ་ བསྐྱར་ཞིབ་འབད་བའི་བསྒང་ཡོདཔ། ༉ མི་ཌཱལ་ཨིསི་ལུང་ཕྱོགས་རྒྱལ་ཁབ་ཚུ་ནང་ འབྲུག་པའི་ཨམ་སྲུ་ཚུ་ ཉེས་ཚོང་འཐབ་ཡོད་པའི་ ཁ་ཉེས་ཕོག་མི་ ལས་སྡེ་ངོ་ཚབ་༣༠ ཡོད་མི་ལས་ རྒྱལ་གཞུང་ཁྲིམས་སྲུང་འགག་སྡེའི་ དམིགས་བསལ་ཞིབ་དཔྱད་སྡེ་ཚན་ཅིག་གིས་ རྩོད་དོན་༡ ཉེས་བཤེར་གྱི་དོན་ལུ་ འཕྲལ་ཁམས་ཅིག་ཁར་ …

Leave a Reply

Your email address will not be published. Required fields are marked *