ཕྱི་རྒྱལ་ལུ་འགྱོ་མི་ ཨམ་སྲུ་ཅིག་གིས་ རང་བཞིན་གྱིས་ མཛུབ་རྗེས་ངོས་འཛིན་འབད་མི་ རིམ་ལུགས་ནང་ མོ་རའི་མཛུབ་པར་བཏབ་པའི་བསྒང་།

མིའི་མཛུབ་པར་གནས་སྡུད་ཀྱིས་ ཉེས་ལས་ཀྱི་རྩོད་དོན་སེལ་ཐབས་ལུ་ ཕན་ཁྱད་འབྱུང་ནི།

༉ འདས་པའི་ལོ་༥ འི་ནང་ ཁྲིམས་སྲུང་འགག་སྡེ་ལྟེ་བ་གིས་ མིའི་མཛུབ་པར་རམ་ མཛུབ་རྗེས་ངོས་འཛིན་འབད་ནིའི་དོན་ལུ་ རྩོད་དོན་༢༥༢ ཐོབ་ཡོདཔ་བཞིན་དུ་ གནས་སྡུད་ནང་ མི་༤༠,༠༠༠ ལྷགཔ་ཅིག་གི་ མཛུབ་པར་ལེན་བཞག་ཡོད་མི་ལས་ མཛུབ་པར་༨༡ ཆ་མཐུནམ་སྦེ་ཐོན་ནུག།

ཨིན་རུང་ མཛུབ་པར་༩༡ ཅོག་འཐདཔ་མེད་པའི་ གྲུབ་འབྲས་ཐོན་པའི་ཁར་ མཛུབ་པར་༧༢ འདྲ་མི་འདྲ་བལྟ་ནི་གི་ ཁྱད་ཚད་དང་མ་ལྡན་པས།

མཛུབ་རྗེས་ཚུ་ཡང་ གློག་རིག་ནང་བཙུགས་ཏེ་ བརྟག་དཔྱད་འབདཝ་ད་ ཉེས་ལས་འཐབ་པའི་ དོགས་པ་ཡོད་མིའི་ མཛུབ་པར་དང་ ཆ་མཐུན་པ་ཅིན་ དེ་འཕྲོ་ལས་ དོགས་ཅན་དེ་ འཚོལ་ཞིབ་འབད་ཚུགསཔ་ཨིན་པས།

ཁྲིམས་སྲུང་འགག་སྡེའི་ མཛུབ་པར་མཁས་མཆོག་ དམག་སྲིད་འོགམ་ འཆི་མེད་རྡོ་རྗེ་གིས་ སླབ་མིའི་ནང་ མཛུབ་པར་ཡོད་པའི་ གློག་རིག་གནས་སྡུད་རིམ་ལུགས་ནང་ འབྲུག་མི་ག་ར་གི་ མཛུབ་པར་ཚུ་ ལེན་མ་ཚུགས་མི་ལུ་བརྟེན་ ཁྲིམས་འགལ་འབད་མི་ དོགས་ཅན་ཚུ་ འཚོལ་འཐོབ་ནི་ལུ་ གདོང་ལེན་བྱུངམ་མས་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ ཁྲིམས་འགལ་དང་འབྲེལ་བའི་ དཀའ་ངལ་སེལ་ཐབས་དང་ མ་འོངས་ཉེན་སྲུང་གི་དོན་ལུ་ ནང་སྲིད་དང་སྲོལ་འཛིན་ལྷན་ཁག་ ཞི་བའི་ཐོ་བཀོད་དང་མི་རྩིས་ལས་ཁུངས་དང་ མཉམ་འབྲེལ་ཐོག་ འབྲུག་མི་ཡོངས་ཀྱི་ མི་ཁུངས་ལག་ཁྱེར་བཟོ་བའི་སྐབས་ འཕྲུལ་རིག་ནང་ བསྡུ་ལེན་འབད་དེ་ཡོད་མི་ ལག་པའི་མཛུབ་པར་ཚུ་ ཐད་ཀར་དུ་སྦེ་ ཁྲིམས་སྲུང་འགག་སྡེ་དང་ མཐུད་སྦྲེལ་འབད་ཚུགས་པའི་ མཛུབ་རྗེས་ངོས་འཛིན་རིམ་ལུགས་ གཞི་བཙུགས་འབད་ནིའི་ ཐབས་ཤེས་སྒྲིག་དགོཔ་འདུག་ཟེར་ཨིན་པས།

སྤྱི་ཟླ་༤ པའི་ཚེས་༦ ལུ་ ཞི་བའི་ཐོ་བཀོད་དང་མི་རྩིས་ལས་ཁུངས་ཀྱིས་ མོ་བཏབ་ཐོག་ལས་ རྒྱལ་ཡོངས་ཌི་ཇི་ཊཱལ་ངོས་འཛིན་ལས་འགུལ་ འགོ་འབྱེད་འབད་ཡོདཔ་ད་ དེ་གིས་ མི་ངོའི་ཁ་གསལ་གྱི་དོན་ལུ་ མཛུབ་པར་དང་ ལག་མཐིལ་ ལག་མཛུབ་སྒྲིལ་ཏེ་བཞག་ནི་ གདོང་གི་རྟགས་མཚན་ གློག་རིག་ནང་ གནས་སྡུད་བསྡུ་སྒྲིག་འབད་དེ་ བཞག་ནི་ཨིན་པས།

མཛུབ་པར་རིམ་ལུགས་དེ་ ཉེས་ལས་མར་ཕབ་འབད་ནིའི་དོན་ལུ་ ལག་ལེན་འཐབ་ནི་མེན་པར་ ཁྲིམས་འགལ་འབད་མི་ཚུ་ ངོས་འཛིན་འབད་ནིའི་ནང་ ཕན་ཐོགས་འབྱུང་ཚུགས་ནི་ཨིནམ་ད་ དེ་ཡང་ ཁྲིམས་སྲུང་འགག་སྡེ་དང་ ཁྲིམས་འདུན་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ དངུལ་འབྲེལ་ལས་སྡེ་ དེ་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལ་སོགས་པའི་ གཙུག་སྡེ་ཚུ་ལུ་ ཁེ་ཕན་འབྱུང་ནི་ཨིན་པས།

འབྲུག་པའི་མི་སེར་ག་ར་ལས་ མཛུབ་པར་ཚར་ཅིག་ ལེན་ཞིནམ་ལས་ གནས་སྡུད་རིམ་ལུགས་ནང་ བཙུགས་པའི་ཤུལ་ལུ་ ད་རེས་བཟུམ་སྦེ་ ཉེས་ལས་འཐབ་མི་ཚུ་ ངོས་འཛིན་འབད་ནིའི་ནང་ དཀའ་ངལ་མི་འབྱུང་ཟེར་ དམག་སྲིད་འོགམ་ འཆི་མེད་རྡོ་རྗེ་གིས་ བཤདཔ་ཨིན་པས།

ཁོ་རའི་ཉམས་མྱོང་དང་འཁྲིལཝ་ད་ ཁྲིམས་མཐུན་ཐོག་ལས་ གན་རྒྱ་བཟོ་མིའི་ ཡིག་ཤོག་གུ་ ཁྲིམས་རྟགས་སྦྱར་མིའི་ཐོག་ཁར་ ལག་ཐིག་རྐྱབ་མི་ཚུ་ མཛུབ་པར་འཕྲུལ་ཆས་ནང་བཙུགས་ཏེ་ བརྟག་ཞིབ་འབདཝ་ད་ གསལ་རིལ་རི་སྦེ་ གསལ་སྟོན་འབད་མ་ཚུགས་ནི་དེ་གིས་ ངོས་འཛིན་འབད་མི་ཚུགས་པས་ཟེར་ བཤདཔ་ཨིན་པས།

མཛུམ་པར་ངོས་འཛིན་འབད་ཚུགས་ནིའི་དོན་ལུ་ དེང་སང་གི་ ཁྲིམས་རྟགས་གུ་ ལག་རྗེས་རྐྱབ་ནིའི་དོན་ལུ་ སི་ར་མིག་སྣག་རྩི་དེ་ ལག་ལེན་འཐབ་དགོཔ་གལ་ཆེ་བས་ཟེར་ཨིན་པས།

ཁྲིམས་སྲུང་འགག་སྡེ་གིས་ སྤྱི་ལོ་༢༠༡༦ ལས་ ལག་པའི་མཛུབ་རྗེས་ཚུ་ འཕྲུལ་ཆས་ནང་སྦེ་ བསྡུ་ལེན་འབད་ནི་ འགོ་བཙུགས་ཡོདཔ་ལས་ ད་ལྟོ་ཚུན་ མི་༤༠,༠༠༠ གི་ མཛུབ་པར་ཚུ་ རིམ་ལུགས་ནང་ བཙུགས་ཡོདཔ་ཨིན་པས།

གནས་སྡུད་ནང་ ཕྱི་ཁ་ལས་ཕར་ དཔེ་ཆ་ལྷབ་ནི་དང་ སྦྱོང་བརྡར་འབད་བར་འགྱོ་མི་དང་ ཚོང་རྐྱབ་མི་ ལཱ་འབད་མི་ དོགས་ཅན་དང་ ཁས་བླངས་པ་ དེ་ལས་ སྒེར་སྡེའི་ཆོག་ཐམ་འཆང་མི་ ལས་སྡེ་ཚུ་གིས་ མཛུབ་པར་ཚུ་ ལེན་ཡོད་མི་དེ་ ཉིན་བསྟར་བཞིན་དུ་ ཡར་སེང་འགྱོ་དོ་ཡོདཔ་ཨིན་པས།

མཛུབ་པར་ཚུ་ ཕྱིར་སེལ་འབད་མ་ཚུགསཔ་མེད་མི་དེ་ཡང་ རང་སོའི་མཛུབ་པར་དང་ ལག་རྗེས་ནང་ཡོད་མི་ཚུ་ ཨའི་ཕོཝ་ནང་ ཆགས་པའི་བསྒང་ལས་ར་ཡོད་པའི་ཁར་ མི་གཞན་དང་ མ་འདྲ་ནི་དེ་གིས་ ངོས་འཛིན་འབད་ནི་ལུ་ དཀའ་ངལ་མི་འཐོན་ཟེར་ དམག་སྲིད་འོགམ་ འཆི་མེད་རྡོ་རྗེ་གིས་བཤད་ཅི།

མཛུབ་པར་གནས་སྡུད་ཀྱིས་ ཁྲིམས་འགལ་འབད་མི་རྐྱངམ་གཅིག་ ངོས་འཛིན་འབད་ནི་མེན་པར་ སྣུམ་འཁོར་ཐུག་རྐྱེན་དང་ ས་རུད་དང་ཆུ་རུད་ ལ་སོགས་པའི་ རྐྱེན་ངན་བྱུངམ་ད་ ངོས་འཛིན་འབད་ནི་ལུ་ ཕན་ཐོགས་ཡོད་ཟེར་ཨིན་པས།

སྤྱི་ལོ་༢༠༡༦ གི་ ཧེ་མ་འབད་བ་ཅིན་ ཁྲིམས་འགལ་འབད་མི་ཚུ་གི་ ལག་རྗེས་དང་ མཛུབ་པར་ཚུ་ ངོས་འཛིན་འབད་ཚུགས་ཚུགས་ལུ་ དུས་ཡུན་ཟླཝ་༡ དང་༦ གི་བར་ན་ འགོརཝ་ཨིན་རུང་ འཕྲུལ་ཆས་དེ་ལུ་བརྟེན་ དུས་ཡུན་ཐུང་ཀུ་ཅིག་ནང་ ལཱ་ལེ་ཤ་ཅིག་ར་ འབད་ཚུགས་པས་ཟེར་ འགོ་དཔོན་གྱིས་ བཤདཔ་ཨིན་པས།

ཁྲིམས་སྲུང་འགག་སྡེ་གིས་ ལག་ལེན་འཐབ་མི་ མཛུབ་པར་འཕྲུལ་ཆས་དེ་ པ་པིལ་ལཱོན་ ས་བཱན་ཤ་ཟེར་ སླབ་དོ་ཡོདཔ་ད་ འཕྲུལ་ཆས་དེ་ རྒྱལ་སྤྱི་གིས་ ངོས་འཛིན་འབད་མི་ཅིག་ཨིནམ་ལས་ རིམ་ལུགས་དེ་ནང་ མིའི་མཛུབ་མོ་ས་ཡ་ལས་བཅད་དེ་ ཤོང་ཚུགསཔ་ཨིན་པས།

ཁྲིམས་སྲུང་འགག་སྡེ་ཚུ་གི་བར་ན་ ཡོངས་འབྲེལ་མཐུན་རྐྱེན་ ལག་ལེན་འཐབ་མ་དགོ་པར་ བསྡུ་སྒྲིག་འབད་མི་ ཞབས་ཏོག་གི་མིང་དེ་ བར་བུ་ཡཱལ་ པར་བེཌ་ནེཌ་ཝག་ཐོག་ལས་ གསང་བའི་སྙན་ཞུ་ཚུ་ ཕར་ཚུར་བརྗེ་སོར་འབད་དོ་ཡོདཔ་ད་ ད་ལྟོ་ཚུན་ ཁྲིམས་སྲུང་འགག་སྡེའི་ཡིག་ཚང་༣༨ ཡོད་མི་ལས་ ཡིག་ཚང་༢༣ དང་ མཐུད་སྦྲེལ་འབད་དེ་ཡོདཔ་བཞིན་དུ་ ཁྲིམས་སྲུང་འགག་སྡེ་གིས་ ཞབས་ཏོག་དེ་ ག་རའི་ནང་ ཁྱབ་ཚུགསཔ་འབད་ནིའི་དོན་ལུ་ ལཱ་ཚུ་འབད་དོ་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *