མི་སྡེའི་ལས་དོན་ཚུ་གི་དོན་ལུ་ འཆར་དངུལ་མང་སུ་སྦེ་ བགོ་བཀྲམ་འབད་དགོཔ།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་སྡེའི་ནང་ རྩིས་ལོ་༢༠༢༡-༢༠༢༢ ཀྱི་ ལོ་བསྟར་འཆར་དངུལ་དཔྱ་བགོའི་དཔྱད་ཡིག་དང་ རྩིས་ལོ་༢༠༢༠-༢༠༢༡ གི་ ལྷན་ཐབས་འཆར་དངུལ་གུ་ གསུང་གྲོས་གནང་པའི་སྐབས་ འཆར་དངུལ་ཚུ་ དངོས་ཅན་གྱི་ ལས་སྣ་རྐྱངམ་གཅིག་ལུ་མེན་པར་ དངོས་མེད་ཀྱི་ མི་སྡེའི་ལས་སྡོན་ཚུ་གི་དོན་ལུ་ཡང་ གཙོ་བོར་བཏོན་དགོ་པའི་སྐོར་ལས་ གསུང་གྲོས་རྒྱས་པར་གནང་ཡི།

དེ་གི་སྐབས་ལུ་ ཁྱད་ལྡན་གྱི་འཐུས་མི་ བཀྲིས་དབང་མོ་གིས་ ཞུ་མིའི་ནང་ གོང་འཕེལ་གྱི་དོན་ལུ་ འཆར་དངུལ་ཚུ་ བགོ་བཀྲམ་འབད་བའི་སྐབས་ དངོས་ཅན་གྱི་ དོག་གཏད་ཚུ་གི་དོན་ལུ ཤུགས་ཆེ་སུ་ཅིག་སྦེ་ བཏོན་འགྱོ་དོ་བཟུམ་སྦེ་ མཐོང་དོ་ཡོདཔ་ད་ དེ་ཡང་ དཔྱེ་འབད་བ་ཅིན་ མ་དངུལ་ཚུ་ ཟམ་རྐྱབ་ནི་དང་ འཁོར་ལམ་བསལ་ནི་དང་འབྲེལ་བའི་ གཞི་རྟེན་མཁོ་ཆས་ཚུ་ བསྒྲུབ་ནིའི་དོན་ལུ་རྐྱངམ་གཅིག་ བཀོ་བཀྲམ་འབདཝ་ཨིན་མས་ཟེར་ཨིན་པས།

འཐུས་མི་གིས་འབད་བ་ཅིན་ རྒྱལ་ཁབ་འདི་ ལེགས་ཤོམ་སྦེ་ ཡར་རྒྱས་འགྱོ་དགོ་པ་ཅིན་ མི་སྡེ་ལེགས་བཅོས་ཀྱི་དོན་ལུ་ཡང་ ཟད་འགྲོ་གཏང་དགོཔ་ཁག་ཆེ་ཟེར་ཞུ་ཡི།

ད་རེས་ མི་སྡེའི་ནང་ ཆང་དང་སྨྱོ་རྫས་ལོག་སྤྱོད་དང་ རང་སྲོག་བཅད་པའི་ དཀའ་ངལ་ལེ་ཤ་ཡོདཔ་ལས་ དེ་ཚུ་ལུ་ཡང་ གཞི་རྟེན་མཁོ་ཆས་ཚུ་གི་དོན་ལུ་བཟུམ་སྦེ་ འཆར་དངུལ་ལངམ་སྦེ་བཞག་སྟེ་ སེལ་ཐབས་འབད་དགོཔ་ ཁག་ཆེ་ཟེར་ཞུ་ཡི།

ད་རེས་ཀྱི་ སྙན་ཞུའི་ནང་ མི་སྡེའི་ལས་དོན་ཟེར་བའི་སྐབས་ གསོ་བ་དང་ ཤེས་རིག་རྐྱངམ་གཅིག་མ་གཏོགས་ ཚུད་དེ་མེདཔ་ལས་ མི་སྡེའི་ལས་དོན་ཚུ་གི་དོན་ལུ་ ཕྱག་ལཱ་གནང་མི་ གཙུག་སྡེ་ཚུ་ཡང་ གཅིག་ཁར་བཙུགས་ཏེ་ ཕྱག་ལཱ་གནང་དགོཔ་དེ་ ཁག་ཆེ་ཟེར་ཞུ་ཡི།

དཔྱེ་འབད་བ་ཅིན་ མི་སྡེའི་ནང་ སེམས་ཁམས་དང་འབྲེལ་བའི་གནད་དོན་ཚུ་ ལོ་བསྟར་བཞིན་དུ་ གྱངས་ཁ་ཡར་སེང་ཐོག་ ཐོན་དོ་ཡོདཔ་བཞིན་དུ་ གསོ་བའི་ཁ་ཐུག་ལས་ སྨན་བཅོས་ཞབས་ཏོག་ཚུ་ཡང་ སྤྲོད་དོ་ཡོད་རུང་ གནད་དོན་ཚུ་ སྔོག་འགོག་འབད་ནིའི་ ཐབས་ལམ་བཏོན་དགོཔ་ འདུག་ཟེར་ཞུ་ཡི།

ཞིབ་འཚོལ་དང་འཁྲིལཝ་ད་ གནད་དོན་ཚུ་ཡང་ གཙོ་བོ་ར་ ཆང་དང་ སྨྱོ་རྫས་ལོག་སྤྱོད་འབད་མི་དང་ རང་སོའི་དཔལ་འབྱོར་གྱི་ གནས་སྟངས་ཚུ་ལུ་བརྟེན་ཏེ་ འབྱུང་དོ་ཡོདཔ་སྦེ་ མཐོང་ཡོདཔ་ད་ ད་རུང་ སྨྱོང་རྫས་དང་ཆང་ ལོག་སྤྱོད་འབད་མི་ཚུ་ཡང་ གནད་དོན་ཁག་མ་འདྲཝ་ ལེ་ཤ་ཅིག་ལུ་བརྟེན་ཏེ་ བྱུང་དོ་ཡོདཔ་ལས་ སྔོན་འགོག་འབད་དགོཔ་ འདུག་ཟེར་ཞུ་ཡི།

འཐུས་མི་གིས་འབད་བ་ཅིན་ ཆང་དང་སྨྱོ་རྫས་ལུ་ ཤུགས་ཐལ་མི་ཚུ་ལུ་ གསོ་བའི་ཧོངས་ལས་ སྨན་བཅོས་ཚུ་བྱིན་པའི་ཤུལ་ལུ་ མི་ཚེ་ལེགས་བཅོས་འབད་སའི་ ལྟེ་བ་ཡང་ ལངམ་མེད་པའི་ཁར་ མི་ཚེ་བསྐྱར་གསོའི་ཤུལ་ལས་ ལོག་སྟེ་མི་སྡེའི་ནང་ བསྐྱར་འཛུགས་འབད་ནིའི་དོན་ལུ་ཡང་ ལམ་སྟོན་ཚུ་ བཟོ་མ་ཚུགས་པས་ཟེར་ཨིན་པས།

འཐུས་མི་གིས་འབད་བ་ཅིན་ དེ་བཟུམ་མའི་ མི་སྡེ་དང་འབྲེལ་བའི་དཀའ་ངལ་ཚུ་ལུ་ བྱུང་རྐྱེན་གྱི་གནད་དོན་ མ་འདྲཝ་ལེ་ཤ་ཡོདཔ་ལས་ དེ་ལུ་ འབྲེལ་ཡོད་ལས་སྡེ་སྣ་མང་ཚུ་ མཉམ་རུབ་ཐོག་ལས་ སེལ་ཐབས་འབད་དགོཔ་ ཁག་ཆེ་བས་ཟེར་ཞུ་ཡི།

བུམ་ཐང་གི་འཐུས་མི་ ཉི་མ་གིས་ དེ་ལུ་རྒྱབ་སྐྱོར་འབད་དེ་ ཞུ་མིའི་ནང་ ང་བཅས་ཀྱི་ ད་ལྟོ་ དངོས་ཅན་གྱི་ ལས་སྣ་ཚུ་ལུ་རྐྱངམ་གཅིག་ ཤུགས་བཏོན་འགྱོ་བ་ཅིན་ དངོས་མེད་ཀྱི་ མི་སྡེའི་ལས་དོན་ཚུ་ གནང་མེད་སྦེ་ ལུས་ནིའི་ཉེན་ཁ་ཡོདཔ་ད་ དཔྱེ་འབད་བ་ཅིན་ ད་རེས་ ང་བཅས་ཀྱིས་ ལམ་སྲོལ་བདག་འཛིན་ འཐབ་དགོ་པའི་སྐོར་ལས་ སླབ་པའི་སྐབས་ མིག་གིས་མཐོང་མི་དང་ ལགཔ་གིས་བཟུང་ཚུགས་མི་ཚུ་ལུ་རྐྱངམ་གཅིག་ ལྟ་དོ་ཡོདཔ་ལས་ གཞན་རྣམས་དེ་སྦེ་ར་ ལུསཔ་ཨིན་མས་ཟེར་ཞུ་ཡི།

ཁོ་གིས་འབད་བ་ཅིན་ རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་རུང་ རྒྱལ་ཁབ་ནང་ མི་སྡེའི་ལས་དོན་གྱི་ ཕྱག་ལཱ་གནང་མི་ལས་ཚོགས་ཚུ་ ག་དེ་མང་མང་ གཞི་བཙུགས་འབད་དགོཔ་སྦེ་ ཡོད་ཟེར་ཞུ་ཡི།

ཧཱ་གི་འཐུས་མི་ ཨོ་རྒྱན་རྣམ་རྒྱལ་གྱིས་ ད་རེས་ རྒྱལ་ཁབ་ནང་ མི་སྡེའི་དོན་ལུ་ ཕྱག་ལཱ་གནང་མི་ ལས་སྡེ་ཚུ་ལུ་ཡང་ གཞུང་ལས་ མ་དངུལ་གྱི་རྒྱབ་སྐྱོར་འབད་དགོཔ་ འདུག་ཟེར་ཨིནམ་ད་ ད་རེས་ དབང་པོ་སྐྱོན་ཅན་ཚུ་གི་དོན་ལུ་ཡང་ སློབ་གྲྭ་ཚུ་ གཞི་བཙུགས་འབད་ཡོདཔ་ཨིན་རུང་ ཁོང་ཆ་ཁྱབ་ ཁྲོམ་ཁ་ལས་ཕར་ འགྱོ་དགོ་པ་ཅིན་ གནས་སྟངས་ཉེན་སྲུང་དང་ལྡནམ་སྦེ་ མིན་འདུག་ཟེར་ཞུ་ཡི།

ཆུ་ཁའི་འཐུས་མི་ སངས་རྒྱས་རྡོ་རྗེ་གིས་འབད་བ་ཅིན་ ད་རེས་ཀྱི་ གནས་སྟངས་བཟུམ་ཅིག་ནང་ གོང་འཕེལ་གྱི་དམིགས་གཏད་ ཆེ་ཤོས་དེ་ མི་སྡེ་དང་འབྲེལ་བའི་ གནད་དོན་ཚུ་ལུ་ བཏོན་དགོཔ་འདུག་ཟེར་ཨིནམ་ད་ དེ་ཡང་ ད་རེས་ ནད་ཡམས་ལུ་བརྟེན་ མི་སེར་ཚུ་གི་སེམས་ཁམས་ལུ་ གནོད་པ་སྦོམ་སྦེ་ར་ ཕོག་སྟེ་ཡོད་མི་ལུ་བརྟེན་ཏེ་ ཨིན་ཟེར་ཨིན་པས།

གློག་མེ་དབང་འཛིན་གྱི་ཁྲི་འཛིན་ སྲིད་དང་འབྲེལ་བ་མེད་མི་ཅིག་ བསྐོ་བཞག་འབད་དགོཔ།

ཁྱད་ལྡན་གྱི་འཐུས་མི་ བཀྲིས་དབང་རྒྱལ་གྱིས་ གློག་མེ་ལས་འགུལ་གྱི་ གནད་དོན་ཚུ་གི་སྐོར་ལས་ ཞུ་མིའི་ནང་ ད་རེས་ གྲུབ་འབྲས་ཚུ་ ལེགས་ཤོམ་སྦེ་ བཏོན་མ་ཚུགས་མི་དེ་ཡང་ གཙོ་བོ་ར་ གློག་མེ་ལས་འགུལ་དབང་འཛིན་གྱི་ ཁྲི་འཛིན་ཚུ་ སྲིད་དང་འབྲེལ་བ་ཡོད་མི་ བསྟན་རྒྱས་བློན་པོ་ཚུ་ འབད་ནི་དེ་གིས་ ཨིན་མས་ཟེར་ཞུ་ཡི།

ཁོ་གིས་འབད་བ་ཅིན་ བཙག་འཐུ་ལས་གྲུབ་པའི་ བློན་པོའི་གནས་ཡུན་དེ་ ལོ་༥ ལས་བརྒལ་མེདཔ་ད་ ལས་འགུལ་གྱི་གནས་ཡུན་ཚུ་ ལོ་ངོ་བཅུ་ཕྲག་སྦེ་ཡོདཔ་ལས་ གནས་ཡུན་དེ་གཉིས་ འོས་མཐུན་མེདཔ་ལས་ ག་དེམ་ཅིག་སྦེ་ དབང་འཛིན་གྱི་ཁྲི་འཛིན་དེ་ སྲིད་དང་འབྲེལ་བ་མེད་མི་ཅིག་ བསྐོ་བཞག་འབད་ཚུགས་པ་ཅིན་ དྲག་ནི་མས་ཟེར་ཞུ་ཡི།

སྙན་ཞུ་དེ་ལུ་ གསུང་གྲོས་འགོ་བཙུགས་པའི་སྐབས་ སྤ་རོའི་འཐུས་མི་འམ་ དཔལ་འབྱོར་ལས་དོན་ཚོགས་ཆུང་གི་ ཁྲི་འཛིན་འོག་མ་ ཨོ་རྒྱན་ཚེ་རིང་གིས་ མང་སྡེ་ཆུ་ གློག་མེ་ལས་འགུལ་གྱི་ དཀའ་ངལ་དང་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་ དང་པ་དང་གཉིས་པ་༢ ཡུན་འགྱངས་ལུས་མི་གིས་ཡང་ ནང་འཁོད་འོང་འབབ་ལུ་ གནོད་པ་རྐྱབ་ནུག་ཟེར་ཨིན་པས།

ཁོ་གིས་ ད་རུང་ མང་སྡེ་ཆུ་གི་ གློག་འཕྲུལ་ཨམ་༣ པ་དེ་ ལཱ་འབད་མ་བཏུབ་ ཐལ་མི་དེ་གིས་ཡང་ གནོད་པ་བྱུངམ་མས་ཟེར་ཞུ་ཡི།

འཐུས་མི་གིས་འབད་བ་ཅིན་ སྙན་ཞུ་དེ་ལུ་ བསྐྱར་ཞིབ་མཛད་པའི་སྐབས་ མ་གཞི་ རྩ་ཁྲིམས་ཆེན་མོའི་ནང་ གཞུང་གིས་ བསྐྱར་འདོད་ཀྱི་ཟད་འགྲོ་ཚུ་ ནང་འཁོད་ཀྱི་འོང་འབབ་ལས་ ལང་ཚུགསཔ་འབད་དགོ་ཟེར་ བཀོད་དེ་ཡོདཔ་ཨིན་རུང་ བསྐྱར་འདོད་ཀྱི་ཟད་འགྲོ་དེ་ ནང་འཁོད་ཐོན་སྐྱེད་ལས་ ལྷགཔ་སྦེ་འདུག་ཟེར་ཞུ་ཡི།

དེ་མ་ཚད་ རྩིས་ལོ་༢༠༢༡-༢༢ ཀྱི་ ནང་འཁོད་ཐོན་སྐྱེད་ མར་བབས་སོང་ཡོདཔ་ལས་ ཚ་གྱང་ལང་དགོ་པའི་ གནད་དོན་ཅིག་སྦེ་ མཐོང་ཡི་ཟེར་ཞུ་ཡི།

ཨིན་རུང་ ཁྲི་འཛིན་གྱིས་ གློག་མེ་འཕྲུལ་ཁང་དང་འབྲེལ་བའི་ གྲོས་འདེབས་ཚུ་ ཚོགས་ཆུང་གིས་ ཞིབ་རྟོགས་དང་ འབྲེལ་བ་ཡོད་མེད་གཟིགས་ཏེ་ གལ་སྲིད་ཡོད་པ་ཅིན་ གྲོས་འདེབས་མཉམ་སྡེབ་འབད་དགོཔ་སྦེ་གསུངས་ཡི།

སྙན་ཞུ་དེ་ ད་རིས་ ཆ་འཇོག་གནང་ནི་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

About admin

Check Also

སོ་ནམ་ཞིང་ལམ་ལག་ལེན་འཐབ་མི་ཚུ་ལས་ སྤྱོད་འཐུས་བསྡུ་ནི་ལུ་ཐེ་ཚོམ།

༉ སོ་ནམ་ཞིང་ལམ་ཚུ་ ཤིང་དང་ བྱེམ་ལ་སོགས་པ་ བཏོན་ནིའི་དོན་ལུ་ སྣུམ་འཁོར་ཆེ་བ་ཚུ་ ལག་ལེན་འཐབ་པའི་སྐབས་ སྤྱོད་འཐུས་བསྡུ་ནི་དེ་ ཟུར་ཁྲིམས་ནང་རྐྱངམ་གཅིག་ དོན་ཚན་སྦེ་ ཚུད་དེ་ཡོདཔ་ལས་ ས་གནས་གཞུང་གིས་ བསྟར་སྤྱོད་ འབད་ནི་ལུ་ ཐེ་ཚོམ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *