མི་སྡེའི་བརྡ་བརྒྱུད་ཀྱི་ ཕན་གནོད་སྐོར་ གོ་བརྡ་སྤེལ་བ་ཅིན་ ཕན་ཁྱད་ཆེ་ནི།

༉ སྤྱི་ཟླ་༡༠ པའི་ཚེས་༣ གྱི་ཕྱི་རུ་ འབྲུག་བརྡ་དོན་བརྒྱུད་འབྲེལ་དང་བརྡ་བརྒྱུད་དབང་འཛིན་གྱི་ ཡིག་ཚང་བཀའ་རྒྱ་དེ་ མི་སྡེ་བརྡ་བརྒྱུད་ནང་ ཁྱབ་སྤེལ་སོང་པའི་ཤུལ་ལུ་ བརྡ་དོན་ཡོངས་འབྲེལ་ཐོག་ལས་ པབ་ཇི་ཟེར་མི་ རྩེད་འགྲན་འབད་མི་ཚུ་ལུ་ ད་ལས་ཕར་ རྩེདམོ་རྩེ་ནི་གི་ གོ་སྐབས་མི་འཐོབ་ནི་ཨིན་པའི་ ཚ་གྱང་ལང་ནི་ འགོ་བཙུགས་ཡོད་རུང་ སྤྱིར་བཏང་མི་མང་ལས་ དགའ་ཚོར་བསྐྱེདཔ་ཨིན་མས།
དེ་ཡང་ བརྡ་བརྒྱུད་དབང་འཛིན་གྱིས་ ཨིན་ཊར་ནེཊ་ཡོངས་འབྲེལ་གྱི་ ཞབས་ཏོག་མཁོ་སྤྲོད་འབད་མི་ཚུ་ལུ་ པབ་ཇི་རྩོདམོ་གི་ རིམ་ལུགས་ཕབ་ལེན་བཀག་འཛིན་འབད་དེ་ རྒྱལ་ཁབ་ནང་ སྤྱི་ཟླ་༡༠ པའི་ཚེས་༡ ལས་ ཐོབ་སྤྱོད་འབད་མ་ཚུགསཔ་ བཟོ་དགོཔ་སྦེ་ ཡིག་ཚང་བཀའ་རྒྱ་བཏང་ནུག།
ཡིག་ཚང་བཀའ་རྒྱའི་ནང་ ཡོངས་འབྲེལ་གྱི་རྩེདམོ་དེ་ འཇམ་ཏོང་ཏོ་སྦེ་ ཕབ་ལེན་འབད་ཚུགས་མི་ལུ་བརྟེན་ ད་རེས་ རྩེདམོ་རྩེ་མི་ ན་གཞོན་ཚུ་གི་ གྱངས་ཁ་ཡར་སེང་འགྱོཝ་མས་ཟེར་བཀོད་ནུག།
ད་ལྟོ་ ཞབས་ཏོག་མཁོ་སྤྲོད་འབད་མི་ཚུ་གིས་ རྩེདམོ་དེ་གི་ རིམ་ལུགས་ཚུ་ བཀག་ཆ་འབད་ནི་གི་ འོས་འབབ་ཡོད་མེད་ བལྟ་བའི་བསྒང་ཡོད་རུང་ ཁྱབ་བསྒྲགས་ཐོན་ཞིནམ་ལས་ཚུར་ མི་ཚུ་གིས་ མི་སྡེ་བརྡ་བརྒྱུད་ནང་ རྩོད་འགྲན་འབད་ནི་ འགོ་བཙུགས་མི་ལུ་ལྟཝ་ད་ མི་མང་ལས་ བཀག་ཆའི་གྲོས་འདེབས་ལུ་ རྒྱབ་སྐྱོར་འབདཝ་ཨིན་མས།
ལ་ལོ་གིས་འབད་བ་ཅིན་ འབྲུག་བརྡ་དོན་བརྒྱུད་འབྲེལ་དང་ བརྡ་བརྒྱུད་དབང་འཛིན་གྱིས་ དུས་ཐོག་ལུ་ བར་འཛུལ་འབད་མི་དེ་ གནས་ཚུལ་ལེགས་ཤོམ་ཅིག་ཨིན་མི་དེ་ཡང་ ན་གཞོན་ཚུ་ རྩེདམོ་དེ་ནང་ འབྲེལ་འཛིན་འབད་ཐོག་ལས་ དུས་ཚོད་འཕྲོ་བརླག་བཏངམ་མ་ཚད་ ཚེ་སྲོག་ལུ་ཡང་ ཉེན་ཁ་འདུག་ཟེར་ཨིན་མས།
འདི་བཟུམ་རྩེད་འགྲན་འབད་མི་ མང་ཤོས་ར་ ལཱ་གཡོག་མེད་མི་ཚུ་ཨིན་པའི་ཁར་ རྩེདམོ་དེ་ཡང་ ནུབ་མོར་རྩེ་མི་ལུ་བརྟེན་ ཁྱིམ་ནང་ཕམ་དང་སྤུན་ཆ་གཞན་ཚུ་ལུ་ ཞག་ལེགས་ཤོམ་སྦེ་ ཉལ་མ་བཅུག་པའི་ ཉོགས་བཤད་ཡང་ བཀོདཔ་ཨིན་མས།
འབྲུག་ལུ་ བརྡ་དོན་འཕྲུལ་རིག་ལྷོད་དེ་ ལོ་ལེ་ཤ་མ་འགྱོ་རུང་ ད་རེས་ནངས་པར་ བརྡ་དོན་ཡོངས་འབྲེལ་ནང་ རིམ་ལུགས་ཐོན་མི་ཚུ་ག་ར་ འཇམ་ཏོང་ཏོ་སྦེ་ ཕབ་ལེན་ཐོག་ ལག་ལེན་འཐབ་ཤེས་མི་དེ་ རྒྱལ་ཁབ་ནང་ བརྡ་དོན་འཕྲུལ་རིག་གོང་འཕེལ་འགྱོ་བའི་ རྟགས་མཚན་ཅིག་ཡང་སྟོནམ་མས།
འདི་འབདཝ་ད་ ང་བཅས་ལུ་ དཀའ་ངལ་ག་ཅི་ཡོདཔ་སྨོ་ཟེར་བ་ཅིན་ བརྡ་དོན་འཕྲུལ་རིག་དེ་ ཕན་ནུས་ཅན་སྦེ་ ལག་ལེན་ཐབ་ནི་མེདཔ་ལས་ ད་རེས་ པབ་ཇི་རྩེདམོ་རྐྱངམ་གཅིག་ལུ་ ཁ་གཏང་ནི་དེ་ཡང་ འོས་ལྡན་ཅིག་ མི་མཐོངམ་མས།
ག་འཆརཔ་ཟེར་བ་ཅིན་ གཞུང་དང་ལས་འཛིན་ཚུ་ནང་ གློག་རིག་ཀམ་པུས་ཊར་ཚུ་ ལས་བྱེདཔ་ཚུ་གིས་ ཡིག་ཚང་གི་དོན་ལུ་མེན་པར་ མང་ཤོས་ར་ མི་སྡེ་བརྡ་བརྒྱུད་ཚུ་ ལག་ལེན་འཐབ་སྟེ་ ཡིག་ཚང་གི་ དུས་ཚོད་འཕྲོ་བརླག་བཏང་དོ་ཡོད་པའི་ ཉོགས་བཤད་ཚུ་ བཀོད་བཞིན་དུ་ཡོདཔ་ཨིན།
འདི་འབདཝ་ལས་ པབ་ཇི་རྩེདམོ་ བཀག་དམ་འབད་ནི་དེ་ ཐབས་ལམ་དྲག་ཤོས་ཅིག་མེན་རུང་ རྩེདམོ་དེ་ལུ་བརྟེན་པའི་ མི་སྡེ་ལུ་ གནོད་པ་ཚུ་ཡོད་པའི་སྐོར་ ན་གཞོན་ཚུ་ལུ་ གོ་བརྡ་སྤྲོད་ནི་གི་ ཐབས་ལམ་བཏོན་པ་ཅིན་ ཕན་ཁྱད་ཆེ་ནི་དང་ ཡིག་ཚང་ཚུ་ནང་ལས་ཕར་ གློག་རིག་ལག་ལེན་ལོག་སྤྱོད་འབད་མི་ཚུ་ཡང་ ལྟ་རྟོག་དང་ དམ་འཛིན་འབད་དགོཔ་འདུག།

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *