མི་སྡེའི་ནང་ལས་ ཀོ་རོ་ན་བའེ་རཱསི་ནད་འབུབ་ཐོབ་མིའི་ གནད་དོན་མ་ཐོན་པར་ ཉིན་གྲངས་༤༦ ལང་ཡོདཔ།

༉ རྒྱལ་ཁབ་ནང་ མི་སྡེའི་ནང་ལས་ ཀོ་རོ་ན་བའེ་རཱསི་ནད་འབུབ་ཐོབ་མིའི་ གནད་དོན་གསརཔ་མ་ཐོན་པར་ ཉིན་གྲངས་༤༦ ལང་ཡོདཔ་ཨིན་པས།

ཨིན་རུང་ ཕྱི་རྒྱལ་ལས་ རྒྱལ་ཁབ་ནང་ ལོག་འོང་མི་དང་ རྒྱལ་ཁབ་ནང་འོང་མི་ ཕྱི་མི་དག་པ་རེ་ལུ་ ནད་འབུབ་ཐོབ་ཡོད་པའི་ ངོས་འཛིན་བྱུང་ཡོདཔ་ཨིན་པས།

ད་རེས་ རྒྱལ་ཁབ་དག་པ་ཅིག་ནང་མ་གཏོགས་ སྤྱིར་བཏང་འཛམ་གླིང་ནང་ ནད་འབུབ་ཐོབ་པའི་གནད་དོན་ མར་བབས་འགྱོ་དོ་ཡོདཔ་ད་ སྨན་ཁབ་ཀྱི་ ཁྱབ་ཚད་དེ་ཡང་ ཡར་སེང་འགྱོ་བཞིན་དུ་ ཡོདཔ་ཨིན་པས།

རྒྱལ་ཡོངས་གསོ་བའི་ཐབས་རིག་བསླབ་བཀོད་སྡེ་ཚན་གྱི་འཐུས་མི་ ཌོག་ཊར་མཚོ་སྐྱེས་ཀྱིས་ སླབ་མིའི་ནང་ ནད་ཡམས་དེ་ རྒྱ་ནག་གི་ཁྲོམ་ཚོགས་ འུ་ཧཱན་གྱི་ཤུལ་ལས་ གནོད་པ་ཆེ་དྲགས་འབད་མི་དེ་ ཌེལ་ཊའི་རིགས་དེ་ཨིནམ་ད་ ནད་འབུབ་ཀྱི་རིགས་ གཞན་གསརཔ་ཐོན་ཡོད་རུང་ གནོད་པ་སྦོམ་མ་བཀལ་མི་དེ་ ལེགས་ཤོམ་ཨིན་མས་ཟེར་ཨིན་པས།

ཨིན་རུང་ རྒྱལ་ཁབ་ལ་ལོ་ཅིག་ནང་ སྨན་ཁབ་འཐོབ་ནི་ལུ་ ལཱ་ཁག་རྐྱབ་དོ་ཡོད་མི་དེ་ ཚ་གྱང་ཅན་ཅིག་ ཨིན་མས་ཟེར་ཨིནམ་ད་ ནད་འབུབ་བཀག་ཐབས་ཀྱི་ ཐབས་ལམ་ཚུ་ཡང་ མ་འདྲཝ་སྦེ་འདུག་ཟེར་ཨིན་པས།

ཌོག་ཊར་མཚོ་སྐྱེས་ཀྱིས་འབད་བ་ཅིན་ འཛམ་གླིང་ནང་ རྒྱལ་ཁབ་ག་རང་གིས་ གཅིག་མཚུངས་ཐོག་ལས་ སྒྲིག་གཞི་དང་ སྨན་ཁབ་ཀྱི་ཁྱབ་ཚད་ཚུ་ ཡར་དྲག་གཏང་ཚུགས་པ་ཅིན་ ཀོ་རོ་ན་བའེ་རཱསི་ནད་འབུབ་དེ་ བཀག་ཚུགས་པའི་ གོ་སྐབས་འདུག་ཟེར་ཨིན་པས།

ཌོག་ཊར་གྱིས་ བཤད་མིའི་ནང་ ག་དེམ་ཅིག་སྦེ་ ད་རུང་ ནད་འབུབ་ཁྱབ་སྤེལ་འགྱོ་བའི་ གནད་དོན་རེ་ འཐོན་པ་ཅིན་ ད་རེས་ སྨན་ཁབ་ཚུ་ ལངམ་སྦེ་བཙུགས་མ་ཚུགས་མི་ རྒྱལ་ཁབ་ཚུ་བརྒྱུད་དེ་ ཉེན་ཁ་སྦོམ་འོང་ཟེར་ཨིན་པས།

དེ་འབད་ནི་འདི་གིས་ མི་ག་ར་ ཉེན་སྲུང་དང་མ་ལྡན་ཚུན་ ག་ཡང་ ཉེན་སྲུང་དང་མི་ལྡན་ཟེར་མི་དེ་ སེམས་ཁར་བཞག་དགོ་ཟེར་ཨིན་པས།

ཌོག་ཊར་མཚོ་སྐྱེས་ཀྱིས་ བཤད་མིའི་ནང་ རྒྱ་གར་རྒྱལ་ཁབ་ནང་ཡང་ ནད་འབུབ་ཐོབ་མིའི་གྱངས་ཁ་ མར་བབས་འགྱོ་དོ་ཡོདཔ་ཨིན་རུང་ སྤྱི་ཟླ་༡༠ པ་དེ་ ཁོང་གི་དོན་ལུ་ དུས་སྟོན་བརྩི་སྲུང་གི་ དུས་ཚོད་འབདཝ་ལས་ དར་ཁྱབ་ཐེངས་༣ པ་ འཐོན་ནིའི་ཚ་གྱང་ལང་སྟེ་ འདུག་ཟེར་ཨིན་པས།

ཨིན་རུང་ རྒྱ་གར་གྱི་ མི་མང་ཤོས་ཅིག་ལུ་ ནད་འབུབ་ཚུ་ ཐོབ་པའི་ཤུལ་ལུ་ རང་བཞིན་གྱིས་དྲག་མི་ ལེ་ཤ་ཅིག་ར་ཡོདཔ་ལས་ ཁོང་ལུ་ ད་ལས་ཕར་ སྨན་ཁབ་མ་ཐོབ་རུང་ རང་བཞིན་གྱིས་ ནད་འབུབ་ལས་ ཟློག་ཚུགས་པའི་ ནུས་ཤུགས་ཐོབ་ཡོད་མི་དེ་ ལེགས་ཤོམ་ཨིན་ཟེར་ཨིན་མས།

མ་གཞི་ སྤྱིར་བཏང་ནད་འབུབ་དེ་ འགྲོས་ཀྱིས་སྦེ་ ཚ་རིམས་བཟུམ་ཅིག་ལུ་ འགྱུར་སྡོད་ནི་ཨིན་པའི་ ལོ་རྒྱུས་སླབ་མི་ ལེ་ཤ་ཅིག་ཡོདཔ་ཨིན་རུང་ ཌོག་ཊཪ་མཚོ་སྐྱེས་ཀྱིས་ སླབ་མིའི་ནང་ གནད་དོན་དེ་ ད་ལྟོ་ ཚན་རིག་ཐོག་ལས་ ཞིབ་འཚོལ་འབད་དེ་ སྒྲུབ་བྱེད་བཀོད་བཀོདཔ་ཅིག་ ག་ནི་ཡང་མེདཔ་ལས་ ག་དེ་དྲག་དྲག་ རྩ་མེད་གཏང་ནི་ལུ་ར་ མིག་གཏད་བསྐྱེད་དགོ་ཟེར་ཨིན་པས།

ཌོག་ཊར་གྱིས་འབད་བ་ཅིན་ ད་རེས་ནངས་པར་ ཐིམ་ཕུག་གི་ གནས་སྟངས་བཟུམ་ཅིག་ནང་ ཚ་གྱང་སྦོམ་སྦེ་ར་ ལང་དགོཔ་འདུག་ཟེར་ཨིནམ་ད་ དེ་ཡང་ མི་ལ་ལོ་ཅིག་གིས་ ཁ་རས་ལག་ལེན་མི་འཐབ་དོ་ཡོདཔ་ད་ ཚོང་པ་ལ་ལོ་གིས་འབད་རུང་ རང་སོའི་ ཚོང་ཁང་ནང་འོང་མི་ཚུ་ འབྲུག་ཊེ་རེས་ ལག་ལེན་འཐབ་བཅུག་ས་ མ་མཐོང་ནི་དེ་གིས་ཨིན་པས།

དེ་འབད་ནི་འདི་གིས་ རྫོང་ཁག་གཞན་ཁ་ལས་ ཐིམ་ཕུག་ལུ་འོང་མི་ མང་ཤོས་ཅིག་གིས་ ཐིམ་ཕུག་གི་ གནས་སྟངས་ལུ་ལྟ་སྟེ་ ཧ་ལས་དོ་ཡོདཔ་ལས་ ཌོག་ཊར་ཁོ་རང་ལུ་ མི་དག་པ་ཅིག་གིས་ ཉོགས་བཤད་བཀོད་མི་ཡང་ ཐོན་ཡི་ཟེར་ཨིན་པས།

ད་ལྟོ་ གཞུང་གིས་ མི་སེར་ཚུ་ལུ་ ནད་འབུབ་དེ་ལས་ སྔོན་འགོག་འབད་ནིའི་དོན་ལུ་ ས་སྟོང་བཞག་ནི་དང་ ཁ་རས་སྤུབས་ནི་ དེ་ལས་ སྤུངས་འཛོམས་འབད་ནི་ལས་ འཛེམ་དགོ་པའི་སྐོར་ལས་ ཡར་བསྐྱར་དྲན་གསོ་འབད་དོ་ཡོདཔ་ཨིན་རུང་ ལག་ལེན་གྱི་ཐད་ཁར་ལྷོདཔ་ད་ མི་ཚུ་ལུ་ར་ རག་ལས་ཟེར་ཨིན་པས།

ད་ལྟོ་ འབྲུག་ལུ་ ནད་འབུབ་ཐོབ་མི་ ཡོངས་བསྡོམས་༢,༥༩༩ ཡོད་ས་ལས་༡,༢༩༣ དྲག་ཡོདཔ་བཞིན་དུ་ ནདཔ་༣ མ་དྲག་པར་ཡོདཔ་ད་ གཞན་མི་༣ ལུ་ ཤི་རྐྱེན་བྱུང་ཡོད་པའི་གནས་ཚུལ།

ཉི་མ་དབང་འདུས།

About admin

Check Also

དྲིན་ཅན་ཕམ་ལུ་ དྲིན་ལན་འཇལ་དགོ་པའི་རྒྱབ་ཁུངས་དང་ དྲིན་ལན་འཇལ་ནིའི་ཐབས་ལམ།

༉ རང་ཟླ་༩ པའི་ཚེས་༢༢ ལུ་ ལྷ་བབས་དུས་ཆེན་གྱི་ཉིནམ་འདི་ དྲིན་ཅན་ཕ་མའི་ཉིནམ་སྦེ་ བརྩི་སྲུང་ཞུཝ་ཨིན།  དེ་སྦེ་བརྩི་སྲུང་འབད་དགོ་པའི་ དམིགས་ཡུལ་གཙོ་བོ་ར་ དྲིན་ཅན་ཕམ་ལུ་ དྲིན་ལན་འཇལ་དགོཔ་ ཁག་ཆེཝ་ཨིནམ་ ཤེས་ནིའི་དོན་ལུ་ཨིན། ཕམ་ཚུ་ལུ་ དྲིན་ལན་འཇལ་དགོ་པའི་ཁུངས་ …

Leave a Reply

Your email address will not be published. Required fields are marked *