བྲག་སྟེང་རྒེད་འོག་ ཀུན་དགའ་རབ་བརྟན་ལུ་ བརྡ་བརྒྱུད་ཤེས་ཡོན་ལས་རིམ་ནང་ བཅའ་མར་གཏོགས་མི་ཚུ།

མི་སྡེ་ལུ་ བརྡ་བརྒྱུད་ཀྱི་ བརྡ་དོན་ཤེས་ཡོན་སྤེལ་ཡོདཔ།

༉ ད་རེས་ནངས་པར་ རྒྱལ་ཁབ་ནང་ བརྡ་དོན་འཕྲུལ་རིག་ཡར་རྒྱས་འགྱོ་མི་དང་བསྟུན་ འགྲུལ་འཕྲིན་དང་ མི་སྡེ་བརྡ་བརྒྱུད་ལག་ལེན་འཐབ་མི་ ཁྱབ་ཆེ་དྲགས་འགྱོ་བའི་ ནམ་དུས་ལུ་ དལ་དབང་སྤྱོདཔ་དང་གཅིག་ཁར་ འགན་ཁུར་ཡང་ འབག་དགོཔ་ཁག་ཆེཝ་ཨིན་པས།

དེ་འབདཝ་ད་ འགན་ཁུར་འབག་ནིའི་དོན་ལུ་ བརྡ་དོན་ཤེས་ཡོན་སྤྲོད་དགོཔ་ ག་ནི་བ་ གལ་ཆེ་མི་ལུ་བརྟེན་ འདས་པའི་བདུན་ཕྲག་༢ ནང་ འབྲུག་བརྡ་བརྒྱུདཔ་མཐུན་ཚོགས་ཀྱིས་ ཀྲོང་གསར་དང་ མོང་སྒང་ མགར་ས་རྫོང་ཁག་༣ གྱི་ མི་སྡེ་ཆ་ཤས་ཅིག་ལུ་ བརྡ་བརྒྱུད་ཤེས་ཡོན་དང་ གོ་བརྡའི་ལས་རིམ་ཚུ་ འགོ་འདྲེན་འཐབ་ཅི།

འབྲུག་བརྡ་བརྒྱུད་གཞི་ཚོགས་ཀྱི་ བཀོད་ཁྱབ་མདོ་ཆེན་ དངོས་གྲུབ་བཟང་པོ་གིས་ མི་སྡེ་ཚུ་ལུ་ སྔར་ལུགས་ཀྱི་ བརྡ་བརྒྱུད་བསྒྱུར་བཅོས་འགྱོ་མི་དང་ དམངས་གཙོའི་རིང་ལུགས་ནང་ བརྡ་བརྒྱུད་ཀྱི་འགན་གུར་ དེ་ལས་ མི་ཚུ་གིས་ རང་སོའི་འགྲུལ་འཕྲིན་ཐོག་ མི་སྡེ་བརྡ་བརྒྱུད་ལག་ལེན་འཐབ་ད་ དྲན་ཤེས་བཏོན་ནི་དང་ རོགས་ལུ་མ་ཉེས་ཁ་གཡོགས་བཀལ་ནི་ དེ་ལས་ བརྙས་བཅོས་འབད་ནི་ཚུ་ ག་དེ་དྲག་དྲག་ གཟབ་གཟབ་འབད་དགོ་པའི་སྐོར་ གསལ་བཤད་འབད་ཡི།

བཅའ་མར་གཏོགས་མི་ མང་ཤོས་ཅིག་གིས་ར་ ད་ཚུན་གྱི་བར་ན་ ཝི་ཅཱཊ་དང་ ཝཱཊསི་ཨཱབ་ ཕེསུ་བུག་ལ་སོགས་པའི་ མི་སྡེ་བརྡ་བརྒྱུད་ཀྱི་ གྲོས་གནས་ཚུ་ ཚུལ་ལྡན་སྦེ་ ལག་ལེན་མ་འཐབ་པ་ཅིན་ ཁྲིམས་ཕོག་ནི་ཨིན་པའི་སྐོར་ མ་ཤེས་ཟེར་ བཤད་ཡོདཔ་ད་ ད་རེས་ མི་སྡེ་ལས་ཚོགས་ཀྱིས་ འདི་བཟུམ་མའི་ གོ་བརྡ་སྤེལ་མི་དེ་གིས་ ད་ལས་ཕར་ མི་སྡེ་བརྡ་བརྒྱུད་ག་དེ་སྦེ་ ལག་ལེན་འཐབ་ནི་ཨིན་ན་དང་ རོགས་ལུ་བརྙས་བཅོས་འབད་ནི་ཚུ་ ཁྲིམས་འགལ་ཨིནམ་ ཧ་གོ་ཡི་ཟེར་ མོང་སྒར་རྩ་མང་རྒེད་འོག་ བཱན་བརྒྱར་སྤྱི་འོག་ལས་ སོ་ནམ་པ་ཅིག་གིས་ བཤདཔ་ཨིན་པས།

གོ་བརྡའི་ལས་རིམ་དེ་ཡང་ སྤྱི་ཟླ་༥ པའི་ཚེས་༤ ལས་༡༥ ཚུན་ ཀྲོང་གསར་བྲག་སྟེང་རྒེད་འོག་དང་ མོང་སྒར་རྩ་མང་རྒེད་འོག་ དེ་ལས་ མགར་ས་རྫོང་ཁག་ ཁ་སྟོད་རྒེད་འོག་ནང་ འགོ་འདྲེན་འཐབ་པའི་སྐབས་ ས་གནས་གཞུང་གི་ འགོ་ཁྲིདཔ་དང་ སྤྱི་འོག་སོ་སོའི་ མི་སེར་ཚུ་གིས་ བཅའ་མར་གཏོགས་ཡོདཔ་ཨིན་པས།

གོ་བརྡའི་ལས་རིམ་དེ་ འཛམ་གླིང་སྤྱི་ཚོགས་དམངས་གཙོའི་མ་དངུལ་ ཨུ་ཨེན་ཌི་ཨེཕ་གིས་ མ་དངུལ་གྲོགས་རམ་ཐོག་ལུ་ འགོ་འདྲེན་འཐབ་ཡོད་པའི་གནས་ཚུལ།

བྲག་སྟེང་རྒེད་འོག་ ཀུན་དགའ་རབ་བརྟན་ལུ་ བརྡ་བརྒྱུད་ཤེས་ཡོན་ལས་རིམ་ནང་ བཅའ་མར་གཏོགས་མི་ཚུ།མོང་སྒར་རྩ་མང་རྒེད་འོག་ བ་བརྒྱར་གྱི་ མི་སེར་ཚུ།མགར་ས་རྫོང་ཁག་ ཁ་སྟོད་ཀྱི་ མི་སེར་ཚུ་ལུ་ བརྡ་བརྒྱུད་ཀྱི་ ཤེས་ཡོན་སྤྲོད་པའི་བསྒང་།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *