མི་སྡེ་ལུ་ ཕན་རླབས་ཆེ་བ་ཅིན་ རྒྱབ་སྐྱོར་གང་དྲག་འབད་དགོཔ་ གལ་ཆེཝ།

༉ རྒྱལ་ཁབ་ནང་ འདས་པའི་ ལོ་ངོ་བཅུ་ཕྲག་གསུམ་ལྷགཔ་ཅིག་ལས་ ཁྱབ་སྤེལ་འགྱོ་ནི་ འགོ་བཙུགས་མི་ ཨེཆི་ཨའེ་བི་ནད་གཞི་ ཐོབ་མིའི་གྱངས་ཁ་དེ་ ལོ་བསྟར་བཞིན་དུ་ ཡར་སེང་འགྱོ་བཞིན་དུ་ཡོདཔ་ཨིན།
མ་གཞི་ མི་མང་གསོ་བའི་ལས་ཁུངས་ཁ་ཐུག་ལས་ མཐའ་ཟུར་གྱི་གནས་ཚད་ཚུན་ ཨེཆི་ཨའེ་བི་ནད་གཞི་དང་འབྲེལ་བའི་སྐོར་ལས་ གོ་བ་བརྡ་སྤྲོད་ཀྱི་ལས་རིམ་ཚུ་ ག་དེམ་ཅིག་ར་ འགོ་འདྲེན་འཐབ་སྟེ་འབད་རུང་ དང་པ་ མི་རློབས་ཡར་སེང་འགྱོ་མི་དང་ གཉིས་པ་ཟེརཝ་ད་ དེང་སང་རྒྱལ་ཁབ་ཀྱི་ ཡར་རྒྱས་འགྱུར་བ་དང་བསྟུནམ་ད་ ཚད་འཛིན་འབད་ནི་དེ་ གདོང་ལེན་ཅན་ཅིག་སྦེ་ར་ བྱུང་བཞིན་དུ་འདུག།
དཔེ་འབད་བ་ཅིན་ ང་བཅས་རའི་ འབྲུག་རྒྱལ་ཁབ་འདི་ མི་འབོར་ཉུང་བའི་ རྒྱལ་ཁབ་ཆུང་ཀུ་ཅིག་ཨིན་རུང་ དེ་ནང་ཡང་ འཕྲལ་ཁམས་ཅིག་ཁར་ གསོ་བའི་ལྷན་ཁག་གིས་ སྙན་ཞུ་འབད་མི་དང་འཁྲིལཝ་ད་ ཨེཆི་ཨའེ་བི་ནད་གཞི་ཐོབ་མིའི་ གྱངས་ཁ་དེ་ དྲུག་བརྒྱ་ལྷགཔ་ཅིག་ ཡོད་མི་ལུ་ལྟཝ་ད་ ངོས་འཛིན་འབད་མ་ཚུགས་པའི་ གྱངས་ཁ་དེ་ སྟོང་ཕྲག་ལས་བཅད་དེ་ འཐོན་ནི་ཨིནམ་ལས་ རྣམ་རྟོག་ལང་དགོ་པའི་ གཞི་གནད་ཅིག་ཨིན་མས།
རྒྱལ་ཁབ་ནང་ ཨེཆི་ཨའེ་བི་ནད་གཞི་ཐོབ་མིའི་གྱངས་ཁ་དེ་ ཚད་འཛིན་འབད་དགོ་པ་ཅིན་ གཞུང་རྐྱངམ་གཅིག་ལུ་ འགན་ཁུར་བཀལ་བཞག་ནི་མེན་པར་ ང་བཅས་ར་ འབྲུག་མི་རེ་རེ་བཞིན་དུ་གིས་ ཚ་གྱང་ཐེབས་བཞེས་ཏེ་ འགན་ཁུར་འབག་དགོཔ་དེ་ཡང་ ག་ནི་བ་ གལ་ཆེ་བས།
ཨིན་རུང་ ལོ་དག་པ་ཅིག་གི་ཧེ་མར་ ཨེཆི་ཨའེ་བི་ནད་གཞི་ཐོབ་མི་དག་པ་ཅིག་གིས་ མི་མང་གི་གདོང་ཁར་ གཡང་ཟ་བག་ཟོན་མེད་པར་ གསལ་སྟོན་འབད་བ་གིས་མ་ཚད་ ཁོང་ར་དང་འདྲ་བའི་ ནད་གཞི་ཐོབ་མི་ཚུ་ལུ་ བསླབ་བྱ་བྱིན་ནི་དང་ གཅེས་སྐྱོང་འབད་ནི་ དེ་ལས་ སྤྱིར་བཏང་མི་མང་ལུ་ ཨེཆི་ཨའེ་བི་ནད་གཞི་གི་སྐོར་ལས་ གོ་བ་བརྡ་སྤྲོད་འབད་ནིའི་དོན་ལུ་ གཞུང་མིན་ལས་ཚོགས་ ལྷག་བསམ་ཟེར་མི་ཅིག་ གཞི་བཙུགས་འབད་ནུག།
གཞན་ཕན་ལུ་ ལྷག་པའི་བསམ་པ་དང་ལྡན་པའི་ ལྷག་བསམ་ཡིག་ཚང་གིས་ ད་རེས་ནངས་པར་ རྒྱལ་ཁབ་མཐའ་དབུས་མེད་པར་ ཨེཆི་ཨའེ་བི་ནད་གཞི་གི་སྐོར་ལས་ གོ་བ་བརྡ་སྤྲོད་དང་ ཤེས་ཡོན་ཚུ་ མ་བཏུབ་བཏུབ་སྦེ་ འགོ་འདྲེན་འཐབ་སར་ མངོན་གསལ་བྱུང་མི་ལུ་ལྟཝ་ད་ དཔའ་ཉམས་དང་ ཡིད་ཆེས་བསྐྱེད་པའི་ གཞི་གནད་ཅིག་ཨིན་མས།
ལྷག་བསམ་ལས་ཚོགས་ཀྱིས་ ད་རུང་ མི་སྡེ་ལུ་ ཕན་གནད་ཆེ་བའི་ འགན་ཁུར་ཐེབས་ཅིག་ འབག་དོ་ཡོད་མི་དེ་ཡང་ ད་ལྟོ་ཚུན་ རྒྱལ་ཁབ་ནང་ གནད་དོན་གསརཔ་ཅིག་སྦེ་ཐོན་མི་ དཔེ་འབད་བ་ཅིན་ མཚན་མ་བསྒྱུར་བཅོས་འབད་དེ་ ཕོ་གིས་ མོ་ལུས་སྦེ་ བཟོ་བསྒྱུར་འབད་ནི་དང་ མོ་གིས་ ཕོ་ལུས་སྦེ་ བཟོ་བསྒྱུར་འབད་ནི་ དེ་ལས་ ཕོ་གིས་ ཕོ་ལུ་དགའ་ནི་དང་ མོ་གིས་ མོ་ལུ་དགའ་ནི་ལ་སོགས་པའི་ མི་སྡེའི་འགྱུར་བ་ལུ་བརྟེན་པའི་ དཀའ་ངལ་ཚུ་ཡང་ གདོང་ལེན་འབདཝ་ཨིན་མས།
དེ་མ་ཚད་ སྨྱོ་རྫས་ལུ་ ཤུགས་ཐལ་བའི་ཤུལ་ལས་ བཀག་ཐབས་འབད་བའི་སྐབས་ དཀའ་ངལ་བྱུང་མི་ཚུ་ཡང་ གཅེས་སྐྱོང་འབད་ནིའི་ འཆར་གཞི་འདུག།
དེའི་དོན་ལུ་ ལྷག་བསམ་ལས་ཚོགས་ཀྱིས་ གཞུང་ལས་ ས་ཆའི་རྒྱབ་སྐྱོར་ལེན་ཐོག་ ཞལ་འདེབས་མ་དངུལ་ བསྡུ་བླངས་འབད་དེ་ ཉིནམ་དག་པ་ཅིག་གི་ཧེ་མར་ ཐིམ་ཕུག་དགེ་བསྙེན་ཁ་ལུ་ གཅེས་སྐྱོང་ལྟེ་བ་ཅིག་ཡང་ གཞི་བཙུགས་འབད་ནུག།
ཨིན་རུང་ མ་དངུལ་མེད་པའི་ དཀའ་ངལ་ལུ་བརྟེན་ ལྷག་བསམ་གྱིས་ ས་ཆ་དེ་ནང་ ཚོང་བསྒྱུར་འཐབ་བཏུབ་པའི་ མེ་ཏོག་སྣ་ཚོགས་ འཛུགས་སྐྱོང་འབད་ཞིནམ་ལས་ མ་དངུལ་བཟོ་ནིའི་ འཆར་གཞི་འདུག།
མ་དངུལ་དེ་གི་ཐོག་ལས་ གཅེས་སྐྱོང་ལྟེ་བ་གིས་ ཨེཆི་ཨའེ་བི་ནད་གཞི་ཐོབ་མི་ཚུ་ལུ་ སྨན་བཅོས་ཀྱི་ཞབས་ཏོག་དང་ ཕོ་མོའི་མཚན་མ་བསྒྱུར་བཅོས་ལུ་བརྟེན་པའི་ སེམས་ཁམས་གནོད་སྐྱོན་བྱུང་མི་ཚུ་ལུ་ ནང་པའི་ཆོས་བཤད་ལས་རིམ་ དེ་ལས་ སྨྱོ་རྫས་བཀད་ཐབས་འབད་མི་ཚུ་ལུ་ བསླབ་བྱའི་ལས་རིམ་ཚུ་ འགོ་འདྲེན་འཐབ་ནིའི་ འཆར་གཞི་ཡོད་མི་དེ་ བསམ་བརྗོད་ལས་འདས་པའི་ བྱང་སེམས་ཅན་གྱི་ མཛད་བྱ་བཟང་པོ་ཅིག་ཨིན་མས།
གཅེས་སྐྱོང་ལྟེ་བ་གིས་ དེ་བཟུམ་མའི་ སྔོན་ཆད་བྱུང་མ་མྱོང་བའི་ ཕན་རླབས་ཆེ་བའི་ ལས་སྣ་ཚུ་རྩམ་པའི་སྐབས་ གཞུང་སྒེར་གྱིས་མ་ཚད་ འབྲུག་པའི་མི་ཁུངས་རེ་རེ་བཞིན་དུ་གིས་ ཅི་ལྕོགས་གང་ལྕོགས་ཀྱི་ཐོག་ལས་ རྒྱབ་སྐྱོར་གང་དྲག་ འབད་དགོཔ་གལ་ཆེ་བས་ཟེར་ ཞུ་ནི་ཨིན།

About admin

Check Also

ཚད་སྙོམས་མེད་པའི་ ནང་འཁོད་ཐོན་སྐྱེད་གནས་གོང་།

༉ ད་རེས་ནངས་པར་ རྒྱལ་ཁབ་ཀྱི་གནས་སྟངས་དེ་ དུས་ཚོད་ག་ཅི་བཟུམ་ཅིག་ནང་ ལྷོད་ཡོདཔ་ཨིན་ན་དང་ ད་ལས་ཕར་ ག་ཅི་ར་འབད་དགོཔ་ཨིན་ན་དེ་ འབྲེལ་ཡོད་མང་ཤོས་ཅིག་གིས་ ཧ་གོ་དང་ གོ་བཞིན་པ་ཡོད་རུང་ དེ་གི་ གདོང་ལེན་ཚུ་ ག་ཅི་ར་འབྱུང་འོང་ག་ དྲན་ཤེས་བཏོན་དགོཔ་དེ་ཡང་ ཁག་ཆེ་ནི་ཨིན་མས། …

Leave a Reply

Your email address will not be published. Required fields are marked *