མི་སྡེ་ལུ་ཕྱག་ཞུ་ནིའི་ མནོ་བསམ་ཡོད་མི་ཅིག་གིས་ རྒྱལ་ཡོངས་ཚོགས་སྡེའི་དོན་ལུ་ དོ་འགྲན་འབད་ནི།

༉ ཁོ་རའི་ཕམ་དང་ ཨ་རྒས་དང་ཨང་རྒས་ཚུ་གིས་ སེམས་ཤུགས་དང་ རྒྱབ་སྐྱོར་བྱིན་པའི་ཁར་ ཆུང་ཀུ་ཅིག་སྦེ་ སྡོད་པའི་སྐབས་ལས་ར་ མི་སྡེའི་ངོ་ཚབ་འབད་ནི་གི་ མནོ་བསམ་ཡོད་མི་ སྐྱེས་ལོ་༣༥ ལང་མི་ ཨོ་རྒྱན་རྣམ་རྒྱལ་གྱིས་ སྤྱི་ལོ་༢༠༡༨ ཀྱི་ རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུ་ནང་ བཅའ་མར་གཏོགས་ནི་ཨིན་པས།
དེ་ཡང་ ཧཱ་གསང་སྦས་ཁ་རྒེད་འོག་ མོ་ཆུ་ལས་ཨིན་མི་ ཨོ་རྒྱན་རྣམ་རྒྱལ་གྱིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ དྲུང་ཆེན་ཡིག་ཚང་གི་ ལས་འབྲེལ་འཛིན་སྐྱོང་ཡིག་ཚང་ནང་ དབྱེ་དཔྱད་གོངམ་གི་ ལཱ་འབད་སྡོད་པའི་བར་ན་ སྤྱི་ཟླ་དང་པའི་ཚེས་༣༡ ལུ་ རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུ་ནང་ བཅའ་མར་གཏོགས་ནིའི་དོན་ལུ་ དགོངས་ཞུ་འབད་ཡོདཔ་ཨིན་པས།
ཁོ་གིས་ ཨཱསི་ཊེ་ལི་ཡ་རྒྱལ་ཡོངས་གཙུག་ལག་སློབ་སྡེ་ནང་ལས་ མི་མང་སྲིད་བྱུས་དང་ ཁྱད་རིག་ དེལས་ གོང་འཕེལ་སྲིད་བྱུས་ནང་ལས་ གཙུག་ལག་ཆེ་རིམ་གོང་མའི་ ཤེས་ཡོན་སྦྱང་ཡོདཔ་མ་ཚད་ རྒྱ་གར་གྱི་རྒྱལ་ས་ ནིའུ་ལྡི་ལི་གི་ ཤེས་རིག་འཆར་གཞི་དང་འཛིན་སྐྱོང་གཙུག་ལག་སློབ་སྡེ་ནང་ལས་ རྒྱལ་སྤྱི་ཤེས་རིག་འཆར་གཞི་དང་ འཛིན་སྐྱོང་ནང་ལས་ ཌིབ་ལོ་མའི་ཤེས་ཡོན་སྦྱངས་ཡོདཔ་ཨིན་པས།
ཁོ་གིས་ མཐོ་རིམ་ཤེས་ཚད་དེ་ སེམས་རྟོགས་ཁ་རིག་གཞུང་མཐོ་རིམ་སློབ་གྲྭ་ནང་ལས་ མཇུག་བསྡུ་བའི་ཤུལ་ལས་ ཤེས་རིག་ལྷན་ཁག་ནང་ སྤྱི་ལོ་༢༠༠༩ ལུ་ འཆར་གཞི་འགོ་དཔོན་དང་ ཤེས་རིག་བློན་པོའི་ སྐུ་སྒེར་དྲུང་ཆེན་འབད་ཡང་ ཕྱག་ཞུ་ཡོདཔ་ཨིན་པས།
དེ་གི་ཧེ་མར་ འབྲུག་རྒྱང་བསྒྲགས་ལས་འཛིན་ནང་ རྒྱང་བསྒྲགས་རེ་ཌིའོ་ནང་ཡང་ ལཱ་འབད་ཡོདཔ་ད་ ཆུ་ཁ་སློབ་གྲྭ་ཆེ་བ་ནང་ གནས་སྐབས་ཅིག་གི་རིང་ སློབ་དཔོན་ཡང་ འབད་ཡོདཔ་ཨིན་པས།
ཁོ་གིས་བཤད་མིའི་ནང་ ཁོ་གིས་བཙག་འཐུ་ནང་ དོ་འགྲན་འབད་མི་དེ་ གཙོ་བོ་ར་ རྩ་བ་གསུམ་དང་ ཧཱ་གི་མི་སེར་ཚུ་ལུ་ གདམ་ཁ་ལེགས་ཤོམ་བྱིན་ཐོག་ལས་ ཕྱག་ཞུ་ནིའི་དོན་ལུ་ཨིན་ཟེར་ ཨིན་པས།
ཁོ་གིས་ གསང་སྦས་ཁ་རྒེད་འོག་གི་ མི་སེར་ཉམ་ཆུང་ཚུ་གི་ ངོ་ཚབ་འབདཝ་ཨིན་ཟེར་བཤད་པའི་ཁར་ དགའ་སྐྱིད་གླིང་དང་ གསང་སྦས་ཁ་རྒེད་འོག་དེ་ མཐའ་ཟུར་གྱི་ ས་གནས་འབདཝ་ལས་ ཚོགས་སྡེའི་དོན་ལུ་ འདེམས་ངོ་སྦེ་ ག་གིས་ཡང་ ཐོན་མ་བཏུབ་ཟེར་ཨིན་པས།
མི་སེར་ཚུ་གིས་ ཁོང་གི་ཧོངས་ལས་ ངོ་ཚབ་འབད་མི་ བརྟན་ཏོག་ཏོ་ཅིག་དགོ་པས་ཟེར་ མནོ་བསམ་བཏང་མི་ལུ་བརྟེན་ ཁོ་གིས་ ངོ་ཚབ་འབད་ཐོག་ལས་ ཁོང་གི་རེ་འདོད་འགྲུབ་ཐབས་ལུ་ ཐོནམ་ཨིན་ཟེར་བཤད་པའི་ཁར་ འདེམས་ངོ་གཞན་ག་གིས་ཡང་ སྤྱིར་བཏང་མི་སེར་ཚུ་གི་ ངོ་ཚབ་འབད་མི་ཚུགས་ནི་ཨིནམ་ལས་ ཁོ་གིས་ བཙག་འཐུ་ནང་ བཅའ་མར་གཏོགས་ནིའི་ དམིགས་དོན་དེ་ཡང་ སྤྱིར་བཏང་མི་སེར་གྱི་དོན་ལུ་ ངོ་ཚབ་ཡང་ སྤྱིར་བཏང་གི་མི་ཟེར་ བཞག་སྟེ་ཡོད་ཟེར་ཨིན་པས།
ཨོ་རྒྱན་རྣམ་རྒྱལ་གྱིས་ སླབ་མིའི་ནང་ ཧཱ་རྫོང་ཁག་གི་དོན་ལུ་ གནད་དོན་དག་པ་ཅིག་ སེལ་དགོཔ་ཡོད་མི་ཚུའི་གྲས་ལས་ མི་སེར་གྱི་ འོང་འབབ་བཟོ་ཐབས་ལུ་ ལྟ་བཤལ་གྱི་གོ་སྐབས་བཟོ་ནི་དང་ ཁོ་ར་ གདམ་འཐུ་འགྲུབ་པ་ཅིན་ གཡུས་སྒོའི་ལམ་སྲོལ་ཚུ་ ཉམས་སྲུང་འབད་ནི་ཟེར་ཨིན་པས།
དེ་མ་ཚད་ ཁོ་གིས་ སྲིད་བྱུས་དང་ མ་དངུལ་བགོ་བཀྲམ་ཚུ་ འདྲ་མཉམ་བྱིན་ཐོག་ལས་ གོང་འཕེལ་འདྲ་མཉམ་གཏང་ནི་ལུ་ གཙོ་རིམ་བཟུང་ནི་ཟེར་ཨིན་པའི་ཁར་ བཙག་འཐུ་ནང་ལས་ གྲུབ་འབྲས་ག་བཟུམ་ཐོན་རུང་ ཁོ་གིས་ ཁོ་རའི་མི་སྡེ་ལུ་ ཕྱག་ཞུ་ནི་ཟེར་ཨིན་པས།
ཧཱཔ་ཚུ་གི་ དཀའ་ངལ་ཚུ་ སེལ་ཐབས་ལུ་ ངོ་ཚབ་ལྕོགས་གྲུབ་ཅན་དགོཔ་ཡོད་ཟེར་ ཨོ་རྒྱན་རྣམ་རྒྱལ་གྱིས་ བཤད་ཡོད་པའི་གནས་ཚུལ།

སྐད་སྒྱུར་ བཀྲིས་བསྟན་འཛིན།

 

 

 

About admin

Check Also

མོང་སྒར་ལུ་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་ མཐར་འཁྱོལ་བྱུང་ཡོདཔ།

༉ དུས་ཅི་ མོང་སྒར་ལུ་ མོ་བཏབ་ཀྱི་དོན་ལས་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མི་དེ་ མཐར་འཁྱོལ་བྱུང་ཡོདཔ་ཨིན་པས། དེ་ཡང་ ལས་རིམ་དེ་གི་འོག་ལུ་ རྫོང་ཁག་གི་ ས་གནས་ཁག་དག་པ་ཅིག་ནང་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མིའི་གྲས་ལས་ ཙ་ཀ་གླིང་རྒེད་འོག་ གཏོར་མ་གཞོང་སྤྱི་འོག་གི་ སོ་ནམ་པ་སྡེ་ཚན་ཅིག་གིས་ ས་གནས་གླི་ཏི་གཞོང་ཟེར་སར་ …

Leave a Reply

Your email address will not be published. Required fields are marked *