མི་སྡེ་ཚོང་ལས་ ཡར་དྲག་གཏང་ནིའི་ལས་རིམ།

༉ ན་གཞོན་གོང་འཕེལ་ལྟེ་བ་དང་ འཛམ་གླིང་རྒྱལ་སྤྱི་ཨ་ལོའི་གློ་བུར་མ་དངུལ་ལས་སྡེ་༢ ཀྱིས་ མཉམ་འབྲེལ་ཐོག་ལས་ སྤྱི་ཟླ་༣ པའི་ཚེས་༡༢ ལུ་ མི་སྡེ་ཚོང་ལས་ ཡར་དྲག་གཏང་ནིའི་ལས་རིམ་ འགོ་འབྱེད་འབད་ཡི།

ལྷབ་སྟེ་འགོ་བཙུགས་ཟེར་མི་ བརྗོད་དོན་ཐོག་ལུ་ འགོ་འདྲེན་འཐབ་མི་ སྦྱོང་བརྡར་ལས་རིམ་ནང་ ན་གཞོན་༣༠ གྱིས་ བཅའ་མར་གཏོགས་ནི་ཨིནམ་ད་ སྦྱོང་བརྡར་དེ་ བདུན་ཕྲག་༧ གྱི་རིང་ ཨའེ་བྷུ་ཊཱན་ལས་སྡེ་གིས་ འགོ་འདྲེན་འཐབ་ནི་ཨིན་པས།

ན་གཞོན་གོང་འཕེལ་མ་དངུལ་ལས་ མི་སྡེ་ཚོང་ལས་གཙོ་འཛིན་ ཀུན་ལེགས་བསྟན་འཛིན་གྱིས་ སླབ་མིའི་ནང་ ཚོང་ལས་ནང་ དང་འདོད་ཡོད་མི་ན་གཞོན་ཚུ་ལུ་ དམིགས་དོན་༣ གྱི་ཐོག་ལས་ འགོ་འདྲེན་འཐབ་མི་ ལས་རིམ་དེ་ཡང་ ཚོང་ལས་རིག་རྩལ་དང་ མི་སྡེ་ དེ་ལས་ འཕྲུལ་རིག་ཚུ་ཨིན་པས།

ལས་རིམ་གྱི་དོན་ཚན་ནང་ མི་སྡེ་ཚོང་ལས་དང་ མནོ་བསམ་གཏང་ཐངས་ དངུལ་རྩིས་ ཚོང་བསྒྲགས་དང་བརྡ་དོན་ ཐབས་བྱུས་དང་ ཕན་ཐོགས་གསར་བཙུགས་ དེ་ལས་ གྲུབ་འབྲས་ཚད་བཏོན་འབད་ནི་ཚུ་ཨིན་ཟེར་ ཀུན་ལུགས་བསྟན་འཛིན་གྱིས་ བཤད་ཅི།

ཀུན་ལེགས་བསྟན་འཛིན་གྱིས་ སླབ་མིའི་ནང་ བཅའ་མར་གཏོགས་མི་ཚུ་གིས་ དཀའ་ངལ་ཚུ་ ག་དེ་སྦེ་ ངོས་འཛིན་འབད་ནི་ཨིན་ན་དང་ དཀའ་ངལ་ཕྱི་སེལ་རྐྱབ་ཚུགས་པའི་ ཚོང་ལས་ག་ཅི་བཟུམ་ གསར་བཙུགས་འབད་དགོཔ་ཨིན་ན་ཚུ་ སློབ་སྟོན་འབད་ནི་ཨིན་ཟེར་ཨིན་པས།

ལས་རིམ་ནང་ བཅའ་མར་གཏོགས་མི་ཚུ་གིས་ ཐབས་ཤེས་དང་ གནས་སྐབས་ བསམ་ཚུལ་ འཆར་སྣང་ མནོ་ལུགས་ཚུ་ བརྟག་དཔྱད་འབད་ནི་དང་ རིག་རྩལ་གོང་འཕེལ་གཏང་ཞིནམ་ལས་ ཚོང་ལས་འགོ་བཙུགས་དགོཔ་ཨིན་པས།

མི་སྡེ་ཚོང་ལས་ཀྱི་ གོ་དོན་དེ་ལུ་བརྟེན་ མ་འོངས་པའི་ནང་ མི་སྡེའི་དཀའ་ངལ་སེལ་ཐབས་ཀྱི་ ཚོང་ལས་འགོ་ཁྲིདཔ་འབད་ཚུགས་པའི་ ཡོན་ཏན་དང་ ལྕོགས་གྲུབ་ རིག་རྩལ་གོང་འཕེལ་གཏང་ནི་དེ་ཨིན་ཟེར་ འགོ་དཔོན་གྱིས་ བཤད་པའི་ཁར་ བདུན་ཕྲག་༧ གྱི་རིང་ སྦྱོང་བརྡར་འབད་མི་ལས་ ཚོང་ལས་གསར་བཙུགས་ལས་འཆར་དྲག་ཤོས་༢ གདམ་འཐུ་འབད་ཞིནམ་ལས་ གསོལ་རས་དངུལ་ཀྲམ་༢༠༠,༠༠༠ བྱིན་ནི་ཨིན་ཟེར་ཨིན་པས།

ལས་རིམ་འགོ་འདྲེན་འཐབ་མི་ སྐལ་བཟང་དབངམོ་གིས་ སླབ་མིའི་ནང་ བཅའ་མར་གཏོགས་མི་ཚུ་ལུ་ ཡུན་བརྟན་ཐོག་ལས་ འོས་འབབ་དང་ གོ་སྐབས་ག་བཟུམ་ཡོད་ག་དང་ ཁེ་ཕན་ཅན་གྱི་ཚོང་ལས་གཞི་བཙུགས་ཀྱི་དོན་ལུ་ ཉམས་མྱོང་དང་ ལྕོགས་གྲུབ་ག་ཅི་བཟུམ་ གོང་འཕེལ་གཏང་དགོཔ་ཨིན་ན་དང་བསྟུན་ སྦྱོང་བརྡར་འབད་འོང་ཟེར་ཨིན་པས།

ད་རེས་ཀྱི་ ཟླ་མཇུག་ཁམས་ཅིག་ལུ་ འགོ་འདྲེན་འཐབ་ནི་ཨིན་མི་ ལས་རིམ་ནང་ སྐྱེས་ལོ་༡༨ དང་༣༠ བར་ན་འབད་མི་ ན་གཞོན་ཚུ་གིས་ གོ་སྐབས་ལེན་ཚུགས་ནི་ཨིན་པས།

གཙུག་ལག་སློབ་སྡེའི་ སློབ་ཕྲུག་ཅིག་ཨིན་མི་ སྐྱེས་ལོ་༡༩ ལང་མི་ ཨོ་གསལ་བསྟན་འཛིན་ཚེ་རིང་གིས་ སླབ་མིའི་ནང་ ཚོང་ལས་གཞི་བཙུགས་འབད་ནི་ལུ་ དང་འདོད་ཡོད་མི་ ན་གཞོན་ཚུ་ལུ་ ཕན་ཐོགས་སྦོམ་འབྱུང་ནི་མས་ཟེར་ ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *