བཀྲིས་སྒང་ ཁབ་སྟོད་ཀྱི་མི་ཚུ་གིས་ ཁོང་རའི་ ཉིན་བསྟར་གྱི་ ལཱ་ཚུ་འབད་བའི་བསྒང་།

མི་སྡེ་ནང་ལས་ ནད་ཡམས་ཐོན་མི་དེ་ལུ་ འདྲོག་བྱེལ་འཐབ་དོ་ཡོདཔ།

༉ རྒྱལ་ཡོངས་འགྲོ་འགྲུལ་བཀག་དམ་སྐབས་ བཀྲིས་སྒང་རྫོང་ཁག་ནང་ དུས་ཚོད་དང་འཁྲིལ་ རང་སོའི་ས་ཁོངས་ནང་ ཕར་ཚུར་འགྱོ་ཆོག་རུང་ ཕྱི་ཁར་དེ་ཅིག་མ་འཐོན་མི་དེ་ཡང་ ནད་གཞི་འབུ་ནི་མས་ཟེར་བའི་ འདྲོག་བྱེལ་འཐབ་ནི་དེ་གིས་ཨིན་པས།

ནད་ཡམས་དེ་ མི་སྡེ་ནང་ལས་ཐོན་ནུག་ཟེར་ ཧ་གོ་བའི་ཤུལ་ལུ་ ཧེང་སྐལ་ར་ ཚ་གྱང་ལང་ཡི་ཟེར་ ཁྲོམ་ཁར་སྡོད་མི་དང་ གྲོང་གསེབ་ནང་སྡོད་མི་ཚུ་གིས་ བཤདཔ་ཨིན་པས།

གྲོང་གསེབ་ནང་ལས་ཕར་ སོ་ནམ་གྱི་ལཱ་དེ་ཅིག་མེད་རུང་ རང་སོའི་ ཚོད་བསྲེ་ལྡུམ་ར་དང་ ནོར་གསོ་སྐྱོང་རེ་ འབད་དོ་ཡོདཔ་ཨིན་པས།

ཨ་ལོ་གཉིས་ཀྱི་ཨའི་ ཚེ་རིང་གཡང་རྒྱལ་དེ་ དྲོ་པ་ལས་ གྲོང་གསེབ་ཀྱི་ ཨོམ་བསྡུ་ལེན་ཁང་ནང་ ཨོམ་བསྐྱལ་བར་ འགྱོ་དོ་ཡོདཔ་ད་ མོ་གིས་ མི་གསརཔ་རེ་མཐོང་པ་ཅིན་ ག་ཏེ་ལས་འོངམ་ཨིན་ན་ཚུ་ དྲི་དཔྱད་འབདཝ་ཨིན་པས།

ད་རེས་ནངས་པར་ ནད་ཡམས་ཀྱི་གནས་སྟངས་ནང་ མི་ངོ་མ་ཤེསཔ་རེ་འོངམ་ད་ ནད་གཞི་མི་འབུ་ག་ཟེར་བའི་ ཚ་གྱང་ལངམ་མས་ཟེར་ མོ་གིས་བཤད་པའི་ཁར་ མི་སེར་ག་ར་ འདྲོག་བྱེལ་འཐབ་སྟེ་ཡོད་ཟེར་ཨིན་པས།

མོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཁོང་གཡུས་མི་ཚུ་འབད་རུང་ གཅིག་གིས་གཅིག་ འཕྱད་ནི་མེད་ཟེར་ཨིནམ་ད་ ནད་གཞི་ལུ་བརྟེན་ མི་གསརཔ་རེ་གཡུས་ཁར་འོང་པ་ཅིན་ ཧེང་སྐལ་ར་ འདྲོག་བྱེལ་འཐབ་མས་ཟེར་ཨིན་པས།

གཡུས་མི་ དབང་འདུས་ཀྱིས་འབད་བ་ཅིན་ ད་རེས་ནངས་པར་ མི་གསརཔ་མཐོང་ནི་མེད་རུང་ རེ་གཉིས་འོངམ་ད་ དོགས་པ་ཆགསཔ་མས་ཟེར་ཨིནམ་ད་ རྒེད་འོག་དང་ གསོ་བའི་འགོ་དཔོན་ཚུ་གིས་ སོ་ནམ་གྱི་ལཱ་མེད་པ་ཅིན་ ཁྱིམ་ནང་ར་ སྡོད་དགོཔ་སྦེ་ ཉིནམ་༡ ལུ་ཚར་གཉིས་རེ་ དྲན་གསོ་འབད་ནི་འདུག་ཟེར་ཨིན་པས།

གཡུས་མི་མང་ཤོས་ཀྱིས་ ནད་གཞི་དེ་ ཁྲོམ་ཁ་ལས་འོང་མི་ཚུ་གིས་ འབག་མི་འོང་ག་ཟེར་བའི་ དོགས་པ་ཆགས་དོ་ཡོདཔ་ད་ གྲོང་གསེབ་ནང་སྦེ་རུང་ ས་སྟོང་བཞག་སྟེ་ར་ སྡོད་དོ་ཟེར་ གཡུས་མི་ཚུ་གིས་ བཤདཔ་ཨིན་པས།

བསམ་མཁར་སྦ་ཟོར་ལས་ སྐྱེས་ལོ་༦༣ ལང་མི་ སྟོབས་རྒྱས་ཀྱིས་འབད་བ་ཅིན་ ཐིམ་ཕུག་ལུ་ ནད་ཡམས་ཐོན་ནུག་ཟེར་ གོ་བའི་ཤུལ་ལས་ མི་སེར་མང་ཤོས་ཀྱིས་ བཀྲིས་སྒང་ཁྲོམ་ཁར་འགྱོ་ནི་ལས་ འཛེམ་དོ་བཟུམ་མཐོང་ཡི་ཟེར་ཨིནམ་ད་ ནད་གཞི་དེ་ བཀྲིས་སྒང་ལུ་མ་ལྷོད་པས་ཟེར་ ཧ་གོ་བའི་ཤུགས་ལས་ བློ་བདེ་ཡི་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ རྒྱང་མཐོང་ཊི་བི་ནང་ ནད་གཞི་དེ་ རྒན་ཤོས་དང་ ཨ་ལོ་ཚུ་ལུ་ ཉེན་ཁ་ཡོད་པའི་ གོ་བརྡ་སྤྲོད་དོ་ཡོདཔ་ལས་ ཁྱིམ་ནང་ར་ སྡོད་དོ་ཟེར་ཨིན་པས།

ཐིམ་ཕུག་ལས་འོང་མི་ པ་སངས་རྡོ་རྗེ་གིས་ བརྒྱུད་འཕྲིན་ཐོག་ལས་ སླབ་མིའི་ནང་ ཐིམ་ཕུག་ལུ་ བཟོ་སྐྲུན་གྱི་ལཱ་འབད་ཚར་ཏེ་ ཁོང་༤ ལོག་གཡུས་ཁར་འོང་ཡི་ཟེར་ཨིནམ་ད་ བཀྲིས་སྒང་ལུ་ ནད་བརྟག་དཔྱད་འབད་ཚར་བའི་ཤུལ་ལུ་ ཁྱིམ་ནང་ར་ སྡོད་ཡི་ཟེར་ཨིན་པས།

གཡུས་མི་ཚུ་གིས་ དོགས་པ་ཆགས་འོང་མནོ་སྟེ་ བརྟག་དཔྱད་འབད་དེ་ར་ གཡུས་ཁར་འོང་ཡི་ཟེར་ ཁོ་གིས་བཤད་པའི་ཁར་ ད་རེས་ནངས་པར་ ནད་གཞིའི་འདྲོག་བྱེལ་ལུ་བརྟེན་ ག་ར་གིས་ ཁོང་ག་ཏེ་འགྱོཝ་ཨིན་ན་ ལྟ་རྟོག་འབད་དེ་ར་ སྡོདཔ་མས་ཟེར་ཨིནམ་ད་ གཡུས་མི་ཚུ་ལུ་ ཁ་གསལ་སྦེ་སླབ་ཡོདཔ་ལས་ དམའ་ཕབ་རྐྱབ་ནི་ལ་སོགས་པ་ཚུ་ ག་ནི་ཡང་ མི་འབད་བས་ཟེར་ཨིན་པས།

གཡུས་མི་ཚུ་དང་འཁྲིལ་བ་ཅིན་ ཁྲོམ་ཁ་ལས་ ཁོང་རའི་ ཉེ་ཚན་ག་འོང་ཡོདཔ་ཨིན་ན་ ཐོ་བཀོད་འབད་བཞད་དོ་ཟེར་ཨིནམ་ད་ མི་གསརཔ་རེ་ འོང་མ་འོང་ཡང་ མི་སྡེ་བརྡ་བརྒྱུད་ཝི་ཅེཊ་ནང་ སླབ་ཞིནམ་ལས་ ལྟ་རྟོག་འབད་དོ་ཟེར་ཨིན་པས།

སོ་ནམ་པ་ཚེ་རིང་གིས་ ད་རེས་ནངས་པར་ ཁྲོམ་ཁ་ལས་ རང་གི་ཉེ་ཚན་རེ་ གཡུས་ཁར་འོང་པ་ཅིན་ ཁ་གཏང་མི་ ལེ་ཤ་ཡོདཔ་ལས་ ནད་ཡམས་དེ་ མ་ཞི་ཚུན་ཚོད་ ཁྲོམ་ཁར་སྡོད་ཟེར་ སླབ་སྟེ་ཡོད་ཟེར་ཨིནམ་ད་ ཁྱིམ་ཚང་གཞན་ཚུ་གིས་འབད་རུང་ འགྲོ་འགྲུལ་བཀག་དམ་མེདཔ་སྦེ་བཟོ་རུང་ ད་རེས་སྐབས་ཅིག་ གཡུས་ཁར་མ་ཤོག་ཟེར་ བརྡ་སླབ་སྟེ་འདུག་ཟེར་ཨིན་པས།

བཀྲིས་སྒང་ཁྲོམ་ཁར་འབད་རུང་ རང་སོའི་ས་ཁོངས་ཚུ་ནང་ ངོས་འཛིན་འབད་དེ་ཡོད་མི་ ཚོང་ཁང་ཚུ་ནང་ མི་རེ་གཉིས་མ་གཏོགས་ མང་ཤོས་ཀྱིས་ ཁྱིམ་ནང་སྡོད་སར་མཐོང་ཡི།

ཁྲོམ་ཁར་སྡོད་མི་ བསོད་ནམས་གཡང་འཛོམས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ ཁྱིམ་ནང་སྡོད་ནི་ར་ གདམ་ཁ་རྐྱབ་དོ་ཟེར་ཨིནམ་ད་ གལ་སྲིད་ རང་ལུ་ནད་གཞི་ཡོད་པ་ཅིན་ གཞན་ཁར་སྤེལ་ནི་མས་མནོ་སྟེ་ བཤལ་ནི་མེད་ཟེར་ཨིན་པས།

ནད་གཞི་དེ་ མིག་གིས་མཐོང་ནི་མེདཔ་ལས་ ནད་གཞི་ལུ་ འདྲོག་བྱེལ་འདུག་ཟེར་ མོ་གིས་བཤད་པའི་ཁར་ ཕྱི་ཁར་འཐོན་ནིའི་ དུས་ཚོད་ཡོད་རུང་ ཉེན་སྲུང་མེདཔ་ལས་ ཁྱིམ་ནང་ར་ སྡོད་དོ་ཟེར་ཨིན་པས།

སྦུང་ཚོང་རྐྱབ་མི་ པདྨ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཕར་ཚུར་འགྱོ་ཆོག་པའི་ ཤོག་བྱང་ཡོད་རུང་ མི་དེ་ཅིག་ར་ མི་འོང་པས་ཟེར་ཨིནམ་ད་ ག་ར་གི་ཉེན་སྲུང་གི་དོན་ལུ་ ལེགས་ཤོམ་མཐོང་ཡི་ཟེར་ཨིན་པས།

ཁྲོམ་དང་ གཡུས་ཚན་ཚུ་ནང་ ཁྲིམས་སྲུང་འགག་པའི་ འགོ་དཔོན་དང་ བདེ་སྲུངཔ་ཚུ་གིས་ དམ་དམ་སྦེ་ར་ ལྟ་རྟོག་འབད་དོ་ཡོདཔ་ད་ ཕར་ཚུར་འགྱོཝ་ད་ ཤོག་བྱང་དང་ གསོ་བའི་སྒྲིག་གཞི་ཚུ་ ལག་ལེན་འཐབ་བཅུགཔ་མས་ཟེར་ཨིན་པས།

འགྲོ་འགྲུལ་བཀག་དམ་ཐེངས་༡ པ་ལུ་བརྟེན་ མི་སེར་མང་ཤོས་ར་ ཉམས་མྱོང་ཚུད་ནུག་ཟེར་ཨིནམ་ད་ ཧེ་མ་ལས་ གྲ་སྒྲིག་ཡོད་ནི་དེ་གིས་ དཀའ་ངལ་འཐོན་ས་མ་མཐོང་ཟེར་ འགོ་དཔོན་ཅིག་གིས་ བཤདཔ་ཨིན་པས།

ཁོ་གིས་འབད་བ་ཅིན་ ནད་གཞི་བཀག་ཐབས་ཀྱི་སྨན་ཁབ་ རྒྱལ་ཁབ་ནང་མ་ལྷོད་ཚུན་ གསོ་བའི་སྒྲིག་གཞི་ཚུ་ སྒྲིང་སྒྲི་སྦེ་ ལག་ལེན་འཐབ་པ་ཅིན་ བཀག་ཐབས་ངོ་མ་ དེ་ར་ཨིནམ་ལས་ མི་སེར་ཚུ་གིས་འབད་རུང་ ངོས་ལེན་འབདཝ་མས་ཟེར་ཨིན་པས།

ཐིམ་ཕུག་དང་ སྤ་རོ་ལས་ བཀྲིས་སྒང་རྫོང་ཁག་ནང་ མི་ལེ་ཤ་ཅིག་འོང་ཡོད་རུང་ ད་ལྟོ་ཚུད་ཚོད་ ནད་རྟགས་མེད་པའི་ཁར་ འོང་མི་ཚུ་འབད་རུང་ ཁྱིམ་ནང་ཟུར་བཞག་ཡོད་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ། བཀྲིས་སྒང་།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *