མི་སྡེ་དཔལ་འབྱོར་ གོང་འཕེལ་ལུ་ཕན་པའི་ གྲོས་ཆོད་ལེགས་ལྡན།

༉ འབྲུག་གཞུང་གིས་ སྤྱིར་བཏང་མི་མང་དང་ རྒྱལ་ཁབ་ཀྱི་ དཔལ་འབྱོར་གོང་འཕེལ་ལུ་དམིགས་ཏེ་ ད་རིས་ལས་འགོ་བཙུགས་སྣུམ་འཁོར་གྱི་མར་ཁུ་ པེ་ཊཱོལ་དང་ ཌི་ཟིལ་གྱི་ གོང་ཚད་བརྒྱ་ཆ་༡༧ དང་༡༤ རེ་ མར་ཕབ་ཐོག་ བཙོང་ནི་གི་ གྲོས་ཐག་བཅད་མི་དེ་ ལེགས་ཤོམ་ཅིག་ཨིན་མས།

ག་འཆརཔ་ཟེར་བ་ཅིན་ རྒྱལ་ཁབ་གོང་འཕེལ་འགྱོ་མི་དང་བསྟུན་ མི་སེར་མང་ཤོས་ཅིག་གི་དོན་ལུ་ སྣུམ་འཁོར་འཆང་སྤྱོད་འབད་ནི་དེ་ ཉེར་མཁོ་ཅན་ཅིག་ལུ་ གྱུར་ཡོད་པའི་ ནམ་དུས་ལུ་ མར་ཁུའི་གོང་ཚད་ ཡར་འཛེགས་མི་ལུ་བརྟེན་ ཟད་འགྲོ་གིས་ བདའ་ཟུན་མ་ཚུགས་པའི་ དཀའ་ངལ་བྱུང་ཡོད་མི་དེ་ དུམ་གྲ་ཅིག་ སེལ་ཚུགས་ནི་ཨིན་མས།

དེ་མ་ཚད་ འབྲུག་གིས་ རྒྱ་གར་ལས་ ནང་འདྲེན་འབད་མི་ ཅ་ཆས་ཚུ་གི་གྲས་ལས་ མར་ཁུ་ནང་འདྲེན་དེ་ མཐོ་ཤོས་ཀྱི་གྲངས་སུ་ཚུད་དེ་ཡོད་མི་དེ་ཡང་ སྤྱི་ལོ་༢༠༡༦ ལུ་ དངུལ་ཀྲམ་ཐེར་འབུམ་༧.༣༦༩ དེ་ཅིག་གི་ ས་སྣུམ་ནང་འདྲེན་འབད་མི་ལུ་ བལྟ་བ་ཅིན་ ཟད་འགྲོ་ལྕི་དྲགས་ཅིག་ཨིན་མས།

མར་ཁུའི་གོང་ཚད་ མར་བཅགས་དེ་ཡང་ མི་དབང་འབྲུག་རྒྱལ་བཞི་པ་ དཔལ་འཇིགས་མེད་སེངྒེ་དབང་ཕྱུག་མཆོག་གི་ འཁྲུངས་སྐར་དུས་སྟོན་དང་བསྟུན་ཨིནམ་ལས་ དམིགས་བསལ་དང་ དྲན་རྟགས་དང་འབྲེལ་བའི་ གྲོས་ཆོད་ཅིག་ཨིནམ་ད་ གྲོས་ཆོད་དེ་ ད་རིས་ དྲོ་པ་ཆུ་ཚོད་༡༡ ལས་ འགོ་བཙུགས་ཏེ་ རྒྱལ་ཁབ་མཐའ་དབུས་མེད་པར་ ལག་ལེན་འཐབ་ནི་ཨིནམ་བཞིན་དུ་ ས་སྣུམ་མཛོད་ཁང་ཚུ་ནང་ལས་ པེ་ཊཱོལ་ལི་ཊར་རེ་ལུ་ གོང་ཚད་དངུལ་ཀྲམ་༡༠.༢༩ དང་ ཌི་ཟིལ་ལི་ཊར་རེ་ལུ་ དངུལ་ཀྲམ་༧.༧༥ མར་འབབ་འགྱོ་ནི་ཨིན་མས།

གཞུང་གིས་ མར་ཁུ་དེ་གཉིས་ཀྱི་ གོང་ཚད་མར་ཕབ་འབད་ཚུགས་མི་དེ་ཡང་ རྒྱ་གར་ལུ་ མར་ཁུའི་གོང་ཚད་ མར་འབབ་འགྱོ་མི་ལུ་བརྟེན་མེན་པར་ དུས་ཅི་ སྤྱི་ཟླ་༧ པའི་ཚེས་༡ ལས་ རྒྱ་གཞུང་གིས་ ཅ་དངོས་དང་ ཞབས་ཏོག་གི་ཁྲལ་ འགོ་བཙུགས་པའི་ཤུལ་ལུ་ རྒྱ་གར་ལས་ ནང་འདྲེན་འབད་མི་ ཅ་ཆས་ཚུ་ལུ་ ཁྲལ་མ་ཕོགཔ་མ་ཚད་ ད་ཚུན་གྱི་བར་ན་ ནང་ཁྲལ་བཀལ་མི་ པེ་ཊཱོལ་དང་ ཌི་ཟིལ་མར་ཁུ་གཉིས་ལུ་ཡང་ ཁྲལ་མ་ཕོགཔ་བཟོ་མི་ལུ་བརྟེན་ཨིན་མས།

དེ་འབདཝ་ད་ ནང་ཁྲལ་བཀལ་ནི་མེདཔ་ བཟོ་མི་དེ་གིས་ རྒྱལ་ཁབ་ཀྱི་ འོང་འབབ་ལུ་ ཐོ་ཕོག་ནི་ཨིནམ་ད་ དཔེར་ན་ ན་ཧིང་ འབྲུག་གིས་ རྒྱ་གར་ལས་ ནང་ཁྲལ་དངུལ་ཀྲམ་ཐེར་འབུམ་༡.༥༡༤ དེ་ཅིག་དང་ བཙོང་ཁྲལ་དང་ སྔོ་ལྗང་གི་ཁྲལ་ དངུལ་ཀྲམ་ས་ཡ་༩༤ དེ་ཅིག་ ལོག་ཐོབ་ཡོད་རུང་ ད་ལས་ཕར་ མི་འཐོབ་ནི་ཨིན་མས།

མར་ཁུའི་གོང་ཚད་ མར་ཕབ་འབད་བའི་ ཁེ་ཕན་ལེ་ཤ་ཡོད་མི་དེ་ཡང་ སྐྱེལ་འདྲེན་གྱི་ གླ་ཆ་མར་འབབ་འགྱོ་ནི་དང་ དེ་ལུ་བརྟེན་ སྐྱ་ནམ་གྱི་ གོང་ཚད་ཚུ་ཡང་ མར་འབབ་འགྱོ་ནི་ཨིནམ་ལས་ མཐའན་མཇུག་ལུ་ ཞབས་ཏོག་སྤྱོད་མི་དང་ ཚོང་མགྲོན་པ་ཚུ་ལུ་ ཕན་ཁྱད་འབྱུང་འོང་།

མ་གཞི་ གཞུང་གིས་ འདི་བཟུམ་མའི་ ཐུགས་ཐག་བཅད་གནང་མི་ལུ་ མི་མང་ལས་ ངོས་ལེན་ལེགས་ཤོམ་འབད་དོ་ཡོདཔ་ཨིན་རུང་ ལ་ལོ་ཅིག་གིས་ བཙག་འཐུ་རན་དོ་ཡོདཔ་ལས་ སྲིད་འབྲེལ་གྱི་ ཐབས་བྱུས་ཅིག་མེན་ན་ཟེར་ དྲི་བ་ཡང་ བཀོདཔ་ཨིན་མས།

ཐབས་བྱུས་ཀྱི་ དམིགས་དོན་ག་དེ་སྦེ་ར་ཡོད་རུང་ མི་མང་ལུ་ ཕན་ཐོགས་ཡོད་པ་ཅིན་ ཡིད་ཆེས་ངལ་རངས་བསྐྱེད་དགོཔ་ཨིན་རུང་ མར་ཁུའི་གོང་ཚད་ མར་ཕབ་རྐྱབ་མི་དེ་གིས་ སྐྱེལ་འདྲེན་གྱི་ གླ་ཆ་དང་ སྐྱ་ནམ་གྱི་ གོང་ཚད་ཚུ་ཡང་ མར་འབབ་འགྱོ་དགོ།

གལ་སྲིད་ མར་ཁུའི་གོང་ཚད་ མར་བབས་སོང་མི་དེ་གིས་ སྐྱ་ནམ་དང་ སྐྱེལ་འདྲེན་ ཞབས་ཏོག་གི་ གླ་ཆ་ཚུ་ མར་འབབ་མ་འགྱོ་བ་ཅིན་ སྣུམ་འཁོར་འཆང་སྤྱོད་འབད་མི་ཚུ་ལུ་མ་གཏོགས་ སྤྱིར་བཏང་མི་མང་ལུ་ ཕན་ཐོགས་མི་འོང་ནི་ཨིནམ་ལས་ དེ་གི་དོན་ལུ་ འབྲེལ་ཡོད་དབང་འཛིན་ཚུ་གིས་ ལྟ་རྟོག་དམ་དམ་ འབད་ནི་དེ་ ཁག་ཆེ་ཟེར་ ཞུ་ནི་ཨིན།

About admin

Check Also

བོང་ཟམ་ཚུན་ འཁོར་ལམ་བསལ་ཡོད་རུང་ ཟམ་མེདཔ།

༉ ཀྲོང་གསར་ ནུབ་སྦིས་རྒེད་འོག་ལྟེ་བ་ལས་ ཆུའི་ཕར་ཁ་དང་ ཚུར་ཁར་སྡོད་མི་ཚུ་ རྒེད་འོག་ལྟེ་བའི་ནང་འོང་པའི་སྐབས་ སྟབས་བདེ་ཏོག་ཏོ་བཟོ་ནིའི་དོན་ལུ་ བསྐོར་ལམ་མཐུད་སྦྲེལ་འབད་ནི་དེ་ བོང་ཟམ་ཚུན་ བསལ་ཡོདཔ་ཨིན་རུང་ མང་སྡེ་ཆུའི་གུ་ལས་ ཟམ་མེདཔ་ཨིན་པས། ཟམ་བཟོ་སྐྲུན་འབད་བའི་ཤུལ་ལས་ མང་སྡེ་ཕུག་དང་ ལྗོངས་ཐང་ …

Leave a Reply

Your email address will not be published. Required fields are marked *