མི་སྡེ་དང་ ཚ་རིམས་བརྟག་དཔྱད་ལྟེ་བ་ཚུ་ནང་ལས་ ནད་ཡམས་ཀོ་བིཌ་-༡༩ འཕྲོ་མཐུད་ཐོབ་མི་མེདཔ།

འདས་པའི་ཆུ་ཚོད་༢༤ འི་ནང་འཁོད་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་༡༩ བདའ་ཟུན་མིའི་གྲས་ལས་ མི་སྡེ་དང་ ཚ་རིམས་བརྟག་དཔྱད་ལྟེ་བ་ཚུ་ནང་ལས་ ཕུད་རྡོག་༡ ཡང་ མ་འཐོན་ནི་དེ་གིས་ མི་སྡེ་ནང་ལས་ ནད་འབུབ་ ཐོབ་མི་མེད་པར་ དུས་ཡུན་ཆུ་ཚོད་༩༦ ལང་ཡོདཔ་ཨིན་པས།

ཁ་ཙ་ ནད་ཡམས་ཐོབ་མིའི་གྲས་ལས་ ཕོ་སྐྱེས་༡༡ དང་ ཨམ་སྲུ་༨ ཨིནམ་ད་ ནདཔ་ཚུ་ཡང་ སྐྱེས་ལོ་༤ ལས་༥༥ འི་ བར་ན་འབད་མི་ཡོདཔ་ཨིན་པས།

ཁོང་གི་གྲས་ལས་ ཕུད་རྡོག་༡ རྐྱངམ་གཅིག་ བསམ་གྲུབ་ལྗོངས་མཁར་ལུ་ ཕྱིའི་ལས་མི་ མཐུན་རྐྱེན་ཟུར་བཞག་ནང་བཞག་མི་ལས་ བདའ་ཟུན་ཡོདཔ་ད་ གཞན་མི་ཚུ་ག་ར་ ཐིམ་ཕུག་ལས་ བདའ་ཟུན་ནུག།

ཐིམ་ཕུག་ལས་ བདའ་ཟུན་མི་ཚུ་གི་གྲས་ལས་ སེམས་རྟོགས་ཁ་ལས་༡ དང་ སྒང་ལྕེ་དང་ ཉི་ཟེར་སྒང་ས་ཁོངས་ལས་༤ ལུང་བསྟན་ཕུག་ས་ཁོངས་ལས་༦ སྡེ་སྲིད་ལས་༣ གཡང་འཕེལ་སྡོད་གནས་ས་ཁོངས་ལས་༡ བདེ་ཆེན་ཆོས་གླིང་ལས་༢ དེ་ལས་ ལྕང་བང་གྲུ་ས་ཁོངས་ལས་༡ ཐོན་ནུག།

ད་རེས་ རྒྱལ་ཁབ་ནང་ ཀོ་བིཌ་-༡༩ ཐོབ་མི་བསྡོམས་༦༨༩ ལུ་ ལྷོད་མི་ལས་༢༤༠ ད་ལྟོ་ ནད་གཞི་ལས་ མ་དྲག་པར་ཡོདཔ་ད་ ཁ་ཙ་ ནདཔ་ཅིག་དྲག་མི་དེ་བརྩིཝ་ད་ ད་ཚུན་ མི་གྲངས་༤༤༩ དྲག་ཡོདཔ་ཨིན་པས།

གསོ་བ་བློན་པོ་གིས་ འགྲོ་འགྲུལ་བཀག་དམ་ཐེངས་༢ པའི་ཤུལ་ལས་ རྫོང་ཁག་༨ ནང་ དར་ཁྱབ་སོང་མིའི་ལྷག་ལུས་ རྫོང་ཁག་༡༢ ནང་ཡང་ ནད་ཡམས་དེ་ བདའ་མ་ཟུན་པར་མེད་ག་ཟེར་བའི་ ཚ་གྱང་ཡོདཔ་ལས་ གསང་བའི་བརྟག་དཔྱད་འབད་ནི་ འགོ་བཙུགས་ཏེ་ཡོད་ཟེར་བཤད་ཅི།

མོ་གིས་སླབ་མིའི་ནང་ རྫོང་ཁག་༡༢ ནང་ ད་ཚུན་ ནད་འབུབ་ཐོབ་མི་ཚུ་དང་ འབྲེལ་བ་འཐབ་མི་བརྩིས་ཏེ་ མི་གྲངས་༧,༠༠༠ དེ་ཅིག་ལུ་ བརྟག་དཔྱད་འབད་དེ་ཡོད་རུང་ འགྲོ་འགྲུལ་མང་སུ་འབད་མི་དང་ མི་མང་སྐྱེལ་འདྲེན་གྱི་དེད་གཡོགཔ་ དེ་ལས་ ཚོང་རྐྱབ་མི་ཚུ་ལུ་ བརྟག་དཔྱད་ཚུ་ འབད་དོ་ཟེར་ཨིན་པས།

ལྷན་ཁག་གིས་ མི་ག་ར་ བརྟག་དཔྱད་འབད་ནི་ཨིན་རུང་ ཉེན་ཁའི་་གནས་སྟངས་ཚུ་བལྟ་སྟེ་ མི་༣༠༠ དང་༤༠༠ གི་བར་ན་ བརྟག་དཔྱད་འབད་འོང་ཟེར་ཨིན་པས།

དེ་ལས་ ནད་འབུབ་ཡོདཔ་སྦེ་ཐོན་མི་ རྫོང་ཁག་ཚུ་གི་གྲས་ལས་༦ ནང་ ཧེ་མ་བདའ་ཟུན་མི་ཚུ་དང་ འབྲེལ་བ་འཐབ་མི་ཚུ་ལུ་ བརྟག་དཔྱད་འབད་ཚར་ཡོད་རུང་ ནདཔ་དེ་ཚུ་ འགྱོ་སའི་ས་ཁོངས་ཚུ་ནང་ ད་རུང་ བརྟག་དཔྱད་འབད་ནི་ཟེར་ཨིན་པས།

ཐིམ་ཕུག་ལུ་ ནད་འབུབ་ཐོབ་མི་ཚུ་སྡོད་སའི་ སྒྲིང་ཁྱིམ་༥༨ ཀྱི་གྲས་ལས་ སྒྲིང་ཁྱིམ་༢༩ ནང་ གསོ་བའི་གསང་བརྟག་སྡེ་ཚན་གྱིས་ བརྟག་དཔྱད་ཚུ་ འབད་ཚར་ཡོདཔ་ཨིན་པས།

ད་ལས་ཕར་ འགྲོ་འགྲུལ་བཀག་དམ་ ག་དེ་སྦེ་ འབད་ནི་ཨིན་ནའི་སྐོར་ལས་ ད་རིས་ གསལ་སྟོན་འབད་ནི་ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *