མི་སྟོབས་སྒྲིང་སྒྲི་བཟོ་ནི་དང་ མི་རློབས་ཡར་འཕར་གཏང་ནིའི་དོན་ལུ་ འགན་ཁུར་འདྲ་མཉམ་འབག་དགོཔ།

༉ འབྲུག་ལུ་ མི་རློབས་ཀྱི་ཚད་གཞི་ ཡར་སེང་འབད་ནིའི་དོན་ལུ་ གསོ་བ་ལྷན་ཁག་ལུ་རྐྱངམ་གཅིག་ འགན་ཁུར་ཕོག་ནི་མེན་པར་ ལས་ཁུངས་དང་ ལྷན་ཁག་ ལས་སྡེ་ གཙུག་སྡེ་ དེ་ལས་ འབྲུག་པའི་མི་སེར་ག་ར་གིས་ འགན་ཁུར་འདྲ་མཉམ་འབག་སྟེ་ ཕྱག་ཞུ་དགོཔ་ཨིན་ཟེར་ཨིན་པས།

དེ་ཡང་ ཁ་ཙ་ རྒྱལ་ཡོངས་ཚོགས་འདུའི་ ཚོགས་བཞུགས་སྐབས་ མོང་སྒར་འདེམས་ཁོངས་ཀྱི་འཐུས་མི་ ཀརྨ་ལྷ་མོ་གིས་ གསོ་བ་བློན་པོ་ བདེ་ཆེན་དབང་མོ་ལུ་ དྲི་བ་ཞུ་བའི་ལན་ལུ་སྦེ་ ཞུ་ཡོདཔ་ཨིན།

མོང་སྒར་འདེམས་ཁོངས་ཀྱི་ འཐུས་མི་ཀརྨ་ལྷ་མོ་གིས་ འབྲུག་གི་མི་རློབས་འཕེལ་ཚད་དེ་ དམའ་ཤོས་ཅིག་སྦེ་ར་ གནས་ཏེ་ཡོདཔ་ལས་ མ་འོངས་པ་ལུ་ རྒྱལ་ཁབ་ནང་ ལས་མི་དང་དཔལ་འབོར་ལུ་ གནོད་ནི་ཨིནམ་ལས་ གསོ་བའི་ལྷན་ཁག་གི་ཁ་ཐུག་ལས་ དཀའ་ངལ་སྔོན་འགོག་འབད་ནིའི་དོན་ལུ་ འཆར་གཞི་དང་ཐབས་བྱུས་ཀྱི་ ཕྱག་ལཱ་ཚུ ག་དེ་སྦེ་ར་ མཛད་གནང་དོ་ག་ཟེར་ གསོ་བ་བློན་པོ་ལུ་ དྲི་བ་ཞུ་ཡི།

གསོ་བ་བློན་པོ་ བདེ་ཆེན་དབང་མོ་གིས་ ཞུ་མིའི་ནང་ མི་སྟོབས་སྒྲིང་སྒྲི་བཟོ་ནི་དང་ མི་རློབས་ཡར་འཕར་གཏང་དགོ་པ་ཅིན་ འགན་ཁུར་དེ་ གསོ་བ་ལྷན་ཁག་རྐྱངམ་གཅིག་ལུ་མེན་པར་ ལས་སྡེ་དང་ ལྷན་ཁག་ འབྲེལ་ཡོད་ག་ར་ལུ་ འདྲ་མཉམ་སྦེ་ར་ ཕོགཔ་ཨིན་ཟེར་ཨིན་པས།

རྒྱལ་ཁབ་ནང་ བཟའ་ཚང་ཆུང་ཀུའི་འཆར་གཞི་དེ་ སྤྱི་ལོ་༡༩༦༠ དེ་ཅིག་ལུ་ འཆར་གཞི་འགོ་དང་པ་ འགོ་བཙུགས་པའི་སྐབས་ ཨམ་སྲུ་༡ ལུ་ ཨ་ལོ་༦ དང་༨ དེ་ཅིག་ཡོད་མི་དང་ ད་རེས་བཟུམ་ཅིག་ནང་ ཨ་ལོ་གནས་ཚད་དེ་ ཚད་གཞི་༡.༨ ལུ་ ལྷོད་དེ་ཡོད་ཟེར་ཨིན་པས།

རྒྱལ་སྤྱིའི་ནང་ མི་རློབས་ཀྱི་ཚད་གཞི་དེ་ བརྒྱ་ཆ་༢.༥ དགོཔ་སྦེ་ཡོད་ནི་དེ་གིས་ འབྲུག་གི་ ཚད་གཞི་དང་འཁྲིལ་བ་ཅིན་ ཚ་གྱང་ལང་སྟེ་ཡོད་ཟེར་ བློན་པོ་གིས་ཞུ་ཡི།

འབྲུག་ལུ་རྐྱངམ་གཅིག་མེན་པར་ ཨེ་ཤི་ཡཱ་ལུང་ཕྱོགས་ཀྱི་ རྒྱལ་ཁབ་བརྒྱ་ཆ་༢༦ དེ་ཅིག་ནང་ར་ ཨ་ལོའི་ཚད་གཞི་དེ་ མར་བབས་སོང་སྟེ་འདུག་ཟེར་ཨིན་པས།

བཟའ་ཚང་ཆུང་ཀུའི་ འཆར་གཞི་དེ་ སྤྱི་ལོ་༢༠༠༠ དེ་ཅིག་ལས་ སོར་ཡོདཔ་སྦེ་ ཐད་ཀར་གྱི་ཐབས་བྱུས་མེད་རུང་ གསོ་བའི་ཞབས་ཏོག་དང་འཁྲིལ་བ་ཅིན་ ཨ་ལོ་༡ པ་དང་༢ པའི་བར་ན་ ལོ་༢ དང་༣ གྱི་བར་ན་ ས་སྟོང་བཞག་ནི་ལུ་ བརྩོན་ཤུགས་བསྐྱེད་ཡི་ཟེར་ བློན་པོ་གིས་ཞུ་ཡི།

དེ་སྦེ་ ས་སྟོང་བཞག་དགོ་པའི་རྒྱུ་མཚན་དེ་ བློན་པོ་གིས་ ཞུ་མིའི་ནང་ གཙོ་བོ་ར་ ཨ་ལོའི་གཟུགས་ཁམས་འཕྲོད་བསྟེན་སྒྲིང་སྒྲི་བཟོ་ཐབས་དང་ ཨའི་གི་ གཟུགས་སྟོབས་སྒྲིང་སྒྲི་བཞག་ནི་ལུ་ དམིགས་གཏད་ཨིན་ཟེར་ཨིན་པས།

ད་ལས་ཕར་ གསོ་བ་ལྷན་ཁག་གིས་ ག་ཅི་ར་འབད་དོ་ཟེར་བ་ཅིན་ ཨ་ལོ་ཆགས་ནིའི་སོན་དེ་ ཨ་ལོ་མ་ཆགས་མི་ ཨམ་སྲུ་ཚུ་ལུ་ བཙུགས་ཞིནམ་ལས་ ཨ་ལོ་ཆགས་བཅུག་ནིའི་དོན་ལུ་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ གཞི་བཙུགས་འབད་དེ་ ཞབས་ཏོག་ཞུ་དོ་ཟེར་ བློན་པོ་གིས་ཞུ་ཡི།

དེ་བཟུམ་སྦེ་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ ཨ་ལོའི་སོན་བཟོ་ནིའི་དོན་ལུ་ཡང་ མགྱོགས་པ་ར་ འགོ་བཙུགས་ནི་སྦེ་ འཆར་གཞི་ཚུ་ བརྩམས་ཏེ་ཡོད་ཟེར་ཞུ་ཡི།

ཕྱིའི་རྒྱལ་ཁབ་ ཧང་ག་རི་ལུ་འབད་བ་ཅིན་ ཁྱིམ་མཁོ་སྒྲུབ་འབད་ནིའི་དོན་ལུ་ གོང་ཚད་དེ་ གཞུང་གིས་ མར་ཕབ་འབད་བའི་ཁར་ སིངྒ་པུར་ལུ་ རྒན་རྒས་ཚུ་ ཨ་ལོ་ཚུ་གི་ སྦོ་ལོགས་ཁར་སྡོད་པ་ཅིན་ གཞུང་གིས་ རྒྱབ་སྐྱོར་བྱིན་ནིའི་ འཆར་གཞི་ཚུ་ཡོད་མི་ལུ་བརྟེན་ འབྲུག་གིས་ཡང་ དཔེ་ལེགས་ཤོམ་ཚུ་ བལྟ་ཞིནམ་ལས་ བསྟར་སྤྱོད་འབད་དགོཔ་ གལ་ཆེ་ཟེར་ བློན་པོ་གིས་ཞུ་ཡི།

གསོ་བ་ལྷན་ཁག་གི་ཧོངས་ལས་ སྨན་བཅོས་ཞབས་ཏོག་ཕུལ་ནིའི་ འགན་ཁུར་ཡོདཔ་མ་ཚད་ མང་ཆེ་ཤོས་ཅིག་ སྲིད་བྱུས་བལྟ་དགོཔ་བཞིན་དུ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ སྤྲོ་འཐུས་དངུལ་ཀྲམ་༡༠,༠༠༠ གནང་མི་དང་ སྟབས་བདེ་དུས་ཚོད་ འགོ་བཙུགས་ནི་ཨིནམ་ད་ དེ་ཡང་ ལོ་༢༥ དང་༣༤ གི་བར་ན་འབད་མི་ ཨམ་སྲུ་བརྒྱ་ཆ་༦༠ དེ་ཅིག་གིས་ ཨ་ལོ་སྐྱེས་དོ་ཟེར་ཨིན་པས།

དུས་ཚོད་འ་ནེམ་ཅིག་ཁར་ ཞི་གཡོགཔ་ཨམ་སྲུ་འབད་བ་ཅིན་ མཁས་མཆོག་གི་ ཤེས་ཡོན་སྦྱང་བརྩོན་འབད་ནི་དང་ འཆར་གཞི་གི་ལཱ་ག་ཅི་འབད་རུང་ བསྟར་སྤྱོད་འབད་བའི་ དུས་ཚོད་བཟང་ཤོས་ཅིག་ཨིནམ་ལས་ འཆར་གཞི་གི་ཐོག་ལས་ བལྟ་དགོཔ་གལ་ཆེ་ཟེར་ བློན་པོ་གིས་ ཞུ་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

ཐིམ་ཕུག་ལུ་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་རྐྱབ་ནིའི་ ས་སླང་རྟེནའབྲེལ།

༉ སྤྱི་ལོ་༢༠༢༥ འི་ ལོ་མཇུག་བསྡུ་ཁམས་ལས་ ཐིམ་ཕུག་གི་ ཆུ་རྩལ་རྐྱབ་སའི་ ས་ཁོངས་ནང་སྦེ་ རྒྱལ་ཁབ་ནང་ ཊའི་ཀཱོན་ཌོ་རྩེད་རིགས་ལུ་ དགའ་མི་ཚུ་གིས་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་ མཐོང་ཚུགས་ནི་ཨིན་པས། དེ་ཡང་ ཁ་ཙ་ …

Leave a Reply

Your email address will not be published. Required fields are marked *