མི་སྟོབས་ལངམ་མེདཔ་ལས་ ལས་འབྲེལ་གྱི་ དམིགས་གཏད་འགྲུབ་ནི་ལུ་ ཐོ་ཕོག་ནི།

༉ དར་དཀར་ནང་རྫོང་ཁག་ནང་ ལོ་བསྟར་གཞུང་སྐྱོང་མཆོག་འགྱུར་གྱི་ ལས་འབྲེལ་དམིགས་གཏད་ མང་ཤོས་ར་ བཟོ་སྐྲུན་དང་འབྲེལ་བའི་ ལས་སྣ་ཚུ་ཨིནམ་ལས་ འཕྲལ་ཁམས་ཀྱི་ རྫོང་ཁག་ཚོགས་འདུ་ནང་ བཟོ་རིག་འགོ་དཔོན་མ་ལང་པའི་ དཀའ་ངལ་སྐོར་ ཞབས་ཏོག་ལྷན་ཁག་ལུ་ ཡི་གུ་གཏང་ནི་སྦེ་ གྲོས་ཐག་བཅད་ནུག།
ད་རེས་ནངས་པར་ རྫོང་ཁག་ནང་ བཟོ་རིག་འགོ་དཔོན་༨ དགོཔ་ཡོདཔ་ད་ ལས་འབྲེལ་ཆིངས་ཡིག་གུ་ ཧེ་མ་ལས་ མཚན་རྟགས་བཀོད་དེ་ཡོདཔ་ལས་ དགོས་མཁོ་ཅན་གྱི་ མི་སྟོབས་མེད་པ་ཅིན་ དམིགས་གཏད་འགྲུབ་ནི་ལུ་ ལཱ་ཁག་གཏང་ནི་ཨིན་པས།
ཚང་ཁ་རྒཔོ་ ལྟའུ་ལ་གིས་ རྫོང་ཁག་ཚོགས་འདུ་ འགོ་དང་པ་ འཚོགས་པའི་སྐབས་ལས་ར་ བཟོ་རིག་འགོ་དཔོན་དང་ རྩིས་འཛིན་པ་མེད་པའི་སྐོར་ གྲོས་བསྡུར་བྱུང་ཡོད་རུང་ མི་སྟོབས་ལུ་ མ་རྩ་མ་བཙུགས་པ་ཅིན་ ལོ་བསྟར་གཞུང་སྐྱོང་ལས་འབྲེལ་གྱི་ དམིགས་གཏད་ལུ་ ཐོ་ཕོག་འོང་ཟེར་ཨིན་པས།
རྒཔོ་ལྟའུ་ལ་གིས་ དམིགས་གཏད་དེ་ དུས་ཚོད་ལུ་བརྟེན་ འགྲུབ་མ་ཚུགས་པའི་ གནད་དོན་དང་ དམིགས་གཏད་ འགྲུབ་ནི་ལུ་ ཉེན་ཁ་ཡོད་མི་ཚུ་ ཆ་མེད་གཏང་དགོཔ་འདུག་ཟེར་ རྫོང་ཁག་ཚོགས་འདུ་ནང་ གྲོས་འཆར་ཞུ་ནུག།
རྫོང་ཁག་བཟོ་རིག་འགོ་དཔོན་ འཇམ་དབྱངས་རྡོ་རྗེ་གིས་འབད་བ་ཅིན་ ས་ཁོངས་ནང་ བཟོ་རིག་འགོ་དཔོན་ཚུ་གིས་ ལཱ་འབད་དོ་ཡོདཔ་ལས་ བཟོ་རིག་འགོ་དཔོན་ མ་ལང་པ་ཅིན་ ལཱ་གི་གྲབ་འབྲས་ལུ་ གནོད་པ་འབྱུང་འོང་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ད་རེས་ ཁྲོམ་སྡེ་བརྩིས་ཏེ་ རྫོང་ཁག་ནང་ བཟོ་རིག་འགོ་དཔོན་༡༠ ལས་བརྒལ་མེདཔ་ལས་ རྒེད་འོག་༢ བསྡོམས་ཏེ་ བཟོ་རིག་འགོ་དཔོན་༡ དགོཔ་འདུག་ཟེར་ཨིནམ་ད་ རྒེད་འོག་རེ་ལུ་ བཟོ་སྐྲུན་གྱི་ ལཱ་ཆེ་ཆུང་མ་འདྲཝ་༣༠༠ ཡོདཔ་ལས་ བཟོ་རིག་འགོ་དཔོན་༧ གྱིས་ འཛིན་སྐྱོང་འཐབ་དགོ་པས་ཟེར་ བཤདཔ་ཨིན་པས།
གལ་སྲིད་ སྤྱི་ཟླ་༩ པའི་ནང་ བཟོ་རིག་འགོ་དཔོན་༥ དེ་ཅིག་ མ་ཐོབ་པ་ཅིན་ ང་བཅས་ཀྱིས་ འབད་ཚུགས་མི་ ལཱ་རྐྱངམ་གཅིག་ འབད་སྡོད་དགོཔ་ལས་ དམིགས་གཏད་གྲུབ་མི་ཚུགས་འོང་ཟེར་ འཇམ་དབྱངས་རྡོ་རྗེ་གིས་ བཤད་ཡོདཔ་ད་ ས་གནས་གཞུང་གི་ འགོ་དཔོན་ལ་ལོ་གིས་ རྩིས་འཛིན་པ་རེ་གིས་ སློབ་གྲྭ་ལྟེ་བ་བརྩིས་ཏེ་ རྒེད་འོག་༥ དེ་ཅིག་ འཛིན་སྐྱོང་འབད་དགོ་པས་ཟེར་ བཤདཔ་ཨིན་པས།
ཀརྨ་གླིང་རྒཔོ་ གཱོན་བྷ་དུར་ སུ་བྷ་གིས་ སླབ་མིའི་ནང་ སྤྱི་ཟླ་༧ པའི་དངུལ་ཕོགས་དེ་ ད་རེས་ཀྱི་ ཟླཝ་ནང་རྐྱངམ་གཅིག་ ཐོབ་ཅི་ཟེར་ཨིནམ་ད་ བཙན་མདའ་སྒང་རྒཔོ་ བཱལ་བྷ་དུར་ར་ན་གིས་འབད་བ་ཅིན་ རྩིས་འཛིན་པ་ཚུ་ རྒེད་འོག་གི་དོན་ལུ་ ལཱ་འབད་དགོཔ་ལས་ དུས་ཐེབས་ལེན་ཏེ་ འབད་དགོཔ་ཡང་ བྱུངམ་མས་ཟེར་ཨིན་པས།
རྫོང་ཁག་དངུལ་རྩིས་འགོ་དཔོན་ ནོར་བུ་ཚེ་རིང་གིས་ བཤད་མིའི་ནང་ མ་གཞི་ གདོང་ལེན་ལེ་ཤ་ཡོདཔ་ལས་ རྫོང་ཁག་གིས་ རྩིས་འཛིན་པ་མ་ལང་པའི་སྐོར་ལས་ དངུལ་རྩིས་ལྷན་ཁག་ལུ་ ཡིག་ཐོག་ལུ་ ཞུ་བ་ཕུལ་ཡི་ཟེར་ཨིནམ་ད་ སྤྱི་ལོ་༢༠༡༥ ལས་ དངུལ་འབྲེལ་འཛིན་སྐྱོང་ནང་ རྩིས་ཀྱི་ཌེབ་ལོ་མ་ ཤེས་ཡོན་བཤོལ་བཞག་ཡོདཔ་ལས་ སང་ཕོད་ལས་ རྩིས་འཛིན་པ་ འཐོབ་ནི་གི་ རེ་བ་ཡོདཔ་ཨིན་པས།
མི་སྟོབས་འགོ་དཔོན་ འཇམ་དབྱངས་ནོར་བུ་གིས་ སླབ་མིའི་ནང་ བཟོ་རིག་འགོ་དཔོན་ལངམ་མེད་རུང་ རྩིས་འཛིན་པ་ཚུ་ལངམ་སྦེ་ཡོད་མི་དེ་ཡང་ ད་རེས་ རྫོང་ཁག་ནང་ ལས་བྱེདཔ་དབྱེ་ཁག་དང་འཁྲིལ་ཏེ་ རྩིས་འཛིན་པ་༡༡ ཡོད་ཟེར་ཨིན་པས།
འཆར་གཞི་འགོ་དཔོན་ བསོད་ནམས་རྒྱ་མཚོ་གིས་འབད་བ་ཅིན་ འཆར་གཞི་༡༢ པའི་ནང་ དབང་ཚད་ཕྱིར་སྤེལ་ཐོག་ལུ་ ས་གནས་གཞུང་ལུ་ འཆར་དངུལ་བརྒྱ་ཆ་༥༠ རེ་ བགོ་བཀྲམ་འབད་དེ་ཡོདཔ་ལས་ འགན་ཁུར་དང་ འགན་འཁྲི་ཚུ་ཡང་ མི་སྟོབས་ལུ་ཕོག་ཟེར་ཨིན་པས།
རྫོང་བདག་ཕུན་ཚོགས་ཆོས་སྒྲོན་གྱིས་ བཤད་མིའི་ནང་ འཛིན་སྐྱོང་འབད་ནི་དེ་ གལ་ཅན་ཅིག་ཨིན་པའི་ཁར་ ལྟ་རྟོག་ཚུ་ དམ་དམ་སྦེ་ར་ འབད་དགོ་ཟེར་ཨིནམ་ད་ ལས་འབྲེལ་གྱི་ དམིགས་གཏད་ཚུ་ཡང་ བསྒྱུར་བཅོས་འབད་དགོཔ་འོང་ཟེར་ བཤད་པའི་ཁར་ རྒེད་འོག་གི་ བཟོ་སྐྲུན་ལས་སྣའི་ཐད་ལུ་ རྒེད་འོག་ཚུ་གིས་ མཉམ་འབྲེལ་ཐོག་ལས་ ལཱ་མཇུག་བསྡུ་དགོ་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།

 

About admin

Check Also

མོང་སྒར་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ཕོ་སྐྱེས་༡ འཛིན་བཟུང་།

༉ མོང་སྒར་ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༩ པའི་ཚེས་༡༣ ལུ་ ལོ་ན་མ་སྨིན་པའི་ ན་ཆུང་བུམོ་༡ ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ལུ་བརྟེན་ སྐྱེས་ལོ་༢༥ ལང་མི་ ཕོ་སྐྱེས་༡ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ …

Leave a Reply

Your email address will not be published. Required fields are marked *