གཡོན་ལས་ བསོད་ནམས་ཚེ་རིང་ ཅན་ད་ར་བྷ་དུར་གུ་རུང་ མ་ནི་པར་དཱན་ བསོད་ནམས་རྒྱ་མཚོ་ ཌོག་ཊར་བཀྲིས་སྟོབས་རྒྱས་ ནཱན་ད་ལལ་རའི་ དེ་ལས་ ཌོག་ཊར་ཀརྨ་འབྲུག་པ།

མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་གསརཔ་༧ ངོ་སྤྲོད་འབད་ཡོདཔ།

༉ ཁ་ཙ་ ཐིམ་ཕུག་མི་སེར་དམངས་གཙོ་ཚོགས་པའི་ཡིག་ཚང་ནང་ ཚོགས་པའི་གཙོ་འཛིན་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ བློན་པོ་བགྲེསཔ་དང་ དྲུང་པ་ ཡོངས་ཁྱབ་མདོ་ཆེན་ རྩིས་ཞིབ་པ་ ཤེས་རིག་མཁས་མཆོག་ ཐོ་བཀོད་འགོ་དཔོན་ དེ་ལས་ བརྡ་དོན་མཁས་མཆོགཚུ་བརྩིས་ཏེ་ འདེམས་ངོ་གསརཔ་༧ ངོ་སྤྲོད་འབད་ཡི།
ཚོགས་པ་གིས་ འབྲུག་ཕུན་སུམ་ཚོགས་པའི་ བརྡ་དོན་དང་བརྒྱུད་འབྲེལ་བློན་པོ་བགྲེསཔ་ ནཱན་ད་ལཱལ་རའི་དེ་ གསརཔ་སྤང་ གཤོང་སྤང་ཁ་འདེམས་ཁོངས་ཀྱི་ འདེམས་ངོ་སྦེ་ ངོ་སྤྲོད་འབད་ཡོདཔ་ད་ དགེ་ལེགས་ཕུག་དྲུང་པ་བགྲེསཔ་ བསོད་ནམས་ཚེ་རིང་དེ་ པདྨ་དགའ་ཚལ་ མཁར་-གཡུ་རུང་གི་འདེམས་ངོ་སྦེ་ ངོ་སྤྲོད་འབད་ཡི།
མི་སེར་དམངས་གཙོ་ཚོགས་པའི་ ན་ནོང་-ཤུ་མར་འདེམས་ཁོངས་ཀྱི་ འདེམས་ངོ་དེ་ ཐིམ་ཕུག་དབྱངས་ཅན་ཕུག་འབྲིང་རིམ་སློབ་གྲྭ་གོང་མའི་ དབུ་འཛིན་བགྲེསཔ་ ཌོག་ཊར་ཀརྨ་འབྲུག་པ་ ངོ་སྤྲོད་ཡོདཔ་ད་ གེ་སར་རྒྱལ་པོ་གསོ་རིག་གཙུག་ལག་སློབ་སྡེའི་ ཐོ་བཀོད་འགོ་དཔོན་ ཌོག་ཊར་བཀྲིས་སྟོབས་རྒྱས་དེ་ བཀྲིས་གཡང་རྩེ་ འབུམ་སྡེ་གླིང-འཇམ་མཁར་འདེམས་ཁོངས་ཀྱི་ འདེམས་ངོ་སྦེ་ ངོ་སྤྲོད་འབད་ཡི།
དེ་ལས་ རྩིས་ཞིབ་ཡོངས་ཁྱབ་ཞིབ་རོགས་བགྲེསཔ་ ཅན་ད་ར་ བྷ་དུར་གུ་རུང་དེ་ དར་དཀར་ནང་ ལྷ་མོའི་རྫིང་ཁ་-བཀྲིས་སྡིང་གི་འདེམས་ངོ་སྦེ་ ངོ་སྤྲོད་འབད་ཡོདཔ་ད་ བསམ་རྩེ་ ཨོ་རྒྱན་རྩེ་-འོད་གསལ་རྩེ་འདེམས་ཁོངས་ལས་ བརྡ་དོན་མཁས་མཆོག་ མ་ནི་ པ་ར་དཱན་གྱིས་ དོ་འགྲན་འབད་ནི་ཨིནམ་བཞིན་དུ་ ཚོགས་པའི་ཡོངས་ཁྱབ་མདོ་ཆེན་ བསོད་ནམས་རྒྱ་མཚོ་དེ་ ལྷུ་རྩེ་སྒང་་ཟུར- སྨིན་རྗེ་འདེམས་ངོ་སྦེ་ ངོ་སྤྲོད་འབད་ཡི།
སྐྱེས་ལོ་༥༤ ལང་མི་ ནཱན་ད་ལཱལ་རའི་དེ་ ད་ལྟོ་ ཕྱག་ཞུ་བའི་བསྒང་ཡོད་མི་ ཕྱི་འབྲེལ་བློན་པོ་བགྲེསཔ་ རིན་འཛིན་རྡོ་རྗེ་གི་ ཚབ་མ་ཨིནམ་ད་ འདེམས་ངོ་དེ་གིས་ བསྟན་སྲུང་དྲག་པོའི་དམག་སྡེ་ནང་ ལིང་དཔོན་སྦེ་ ལོ་མང་རབས་ཅིག་ ཕྱག་ཞུ་ཡོདཔ་ད་ མཁར་-གཡུ་རུང་གི་འདེམས་ངོ་ སྐྱེས་ལོ་༥༠ ལང་མི་ བསོད་ནམས་ཚེ་རིང་གིས་ ཤེས་རིག་ནང་ ལོ་༡༩ དེ་ཅིག་ ཕྱག་ཞུ་ཡོདཔ་མ་ཚད་ བུམ་ཐང་རྫོང་རབ་སྦེ་ ལོ་༦ དེ་ཅིག་ ཕྱག་ཞུ་ཡོདཔ་བཞིན་དུ་ སྲིད་དོན་ནང་ བཅའ་མར་མ་གཏོགས་པའི་ཧེ་མར་ དགེ་ལེགས་ཕུག་གི་ དྲུང་པ་ཨིན་པས།
དེ་ལས་ སྐྱེས་ལོ་༤༧ ལང་མི་ ཤེས་རིག་མཁས་མཆོག་ ན་ནོང་-ཤུ་མར་གྱི་འདེམས་ངོ་ ཌོག་ཊར་ཀརྨ་འབྲུག་པ་གིས་ དབུ་འཛིན་མ་འབད་བའི་ཧེ་མར་ རྫོང་ཁག་ཤེས་རིག་ཞིབ་རོགས་དང་ སློབ་གྲྭ་མང་རབས་ཅིག་ནང་ དབུ་འཛིན་སྦེ་ ཕྱག་ཞུ་ནུག།
འབུམ་སྡེ་གླིང་-འཇམ་མཁར་འདེམས་ངོ་ལུ་ སྨན་རིག་ནང་ ཤེས་ཚད་ཡོདཔ་བཞིན་དུ་ ཁོ་གིས་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ སྨན་རིགཔ་གོངམ་སྦེ་ ལོ་༡༠ དེ་ཅིག་ ལཱ་འབད་བའི་ཁར་ གེ་སར་རྒྱལ་པོ་གསོ་རིག་གཙུག་ལག་སློབ་སྡེ་ནང་ མདོ་ཆེན་ཡང་ ཕྱག་ཞུ་ཡོདཔ་ཨིན་པས།
སྐྱེས་ལོ་༤༢ ལང་མི་ ཡོངས་ཁྱབ་རྩིས་ཞིབ་ཞིབ་རོགས་ ཅན་ད་ར་ བྷ་དུར་གུ་རུང་གིས་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་ནང་ ལོ་༡༩ དེ་ཅིག་ ལཱ་འབད་ཡོདཔ་ད ཁོ་ལུ་ ཨཱསི་ཊེ་ལི་ཡ་ལས་ མཐའ་འཁོར་གནས་སྟངས་འཛིན་སྐྱོང་དང་ གོང་འཕེལ་ནང་ མཐོ་རིམ་གོང་མའི་ ཤེས་ཚད་ཡོདཔ་བཞིན་དུ་ ཁོ་གིས་ ད་རེས་ ངན་ལྷད་ཀྱི་ གནད་དོན་ཐོག་ལུ་ གནས་སྐབས་ཅིག་ ངལ་གསོ་ནང་སྡོད་མི་ ལས་གཡོག་བློན་པོ་ ཉི་མ་སངས་ཆེན་པོ་གི་ ཚབ་ཨིན་པས།
དེ་བཟུམ་སྦེ་ སྐྱེས་ལོ་༥༩ ལང་མི་ མ་ནི་ པ་ར་དཱན་དེ་ ད་ལྟོ་ ཕྱག་ཞུ་བའི་བསྒང་ཡོད་མི་ ཨོ་རྒྱན་རྩེ་-འོད་གསལ་འདེམས་ངོ་ མ་དཱན་ ཀུ་མར་ཆེ་ཏི་རི་གི་ ཚབ་ཨིནམ་ད་ ཁོ་གིས་ ཞི་གཡོགཔ་སྦེ་ ལོ་༡༧ དེ་ཅིག་ ལཱ་འབད་ཡོད་པའི་ཁར་ ཁོ་ལུ་ བརྡ་དོན་འཛིན་སྐྱོང་ལམ་ལུགས་ནང་ མཐོ་རིམ་གོང་མའི་ ཤེས་ཚད་ཡོདཔ་ཨིན་པས།
འདེམས་ངོ་ བསོད་ནམས་རྒྱ་མཚོ་གིས་ སྤྱི་ལོ་༢༠༠༩ ལས་༢༠༡༨ ཚུན་ ཚོགས་པའི་ཡོངས་ཁྱབ་དྲུང་ཆེན་གྱི་ ལཱ་འབད་བའི་ཁར་ ཁོ་ར་ རིག་གནས་ཚོང་འབྲེལ་གྲོས་བསྟུན་གྱི་ བཀོད་ཁྱབ་གཙོ་འཛིན་ཡང་ཨིན་པས།
ཚོགས་པའི་གཙོ་འཛིན་གྱིས་ སླབ་མིའི་ནང་ སྤྱི་ལོ་༢༠༡༨ ལོའི་ བཙག་འཐུ་ནང་ མི་སེར་ཚུ་ལུ་ འཇོན་ཐངས་ཅན་གྱི་ འདེམས་ངོ་ཚུ་ གདམ་འཐུ་འབད་བཅུག་ཐབས་ལུ་ ཚོགས་པ་གིས་ ལྕོགས་གྲུབ་ཅན་གྱི་འགོ་ཁྲིདཔ་ཚུ་ གདམ་འཐུ་འབད་དེ་ཡོད་ཟེར་ཨིན་པས།
དམངས་གཙོའི་རིང་ལུགས་ནང་ ལྕོགས་གྲུབ་ཅན་གྱི་ འདེམས་ངོ་དགོཔ་ཁག་ཆེ་བའི་ཁར་ ཚོགས་པ་གིས་འབད་རུང་ དེ་བཟུམ་མའི་ འདེམས་ངོ་དགོ་པའི་ ཡིད་ཆེས་ཡོད་ཟེར་ཨིན་པས།
འདེམས་ངོ་གསརཔ་ཚུ་གིས་ སྤྱི་ཚོགས་ནང་ཕྱག་ཞུ་བའི་ཁར་ ཞི་གཡོག་ནང་འབད་རུང་ ཉམས་མྱོང་ལེ་ཤ་ཡོད་ཡོདཔ་ལས་ ཚོགས་པ་དེ་ ལྷག་པར་དུ་ སྒྲིང་སྒྲི་བཟོ་སྟེ་ཡོད་ཟེར་ཨིན་པས།
ཚོགས་པ་གིས་ འཕྲལ་ཁམས་ཅིག་ཁར་ འདེམས་ངོ་གསརཔ་ ངོ་སྤྲོད་འབད་མི་ཚུ་བརྩིསཝ་ད་ ད་ཚུན་གྱི་རིང་ ད་ལྟོ་ ཕྱག་ཞུ་བའི་བསྒང་ཡོད་མི་གི་ཚབ་ འདེམས་༦ དེ་ཅིག་ ངོ་སྤྲོད་འབད་ཡོདཔ་བཞིན་དུ་ ད་རུང་ འདེམས་ངོ་དག་པ་ཅིག་ ཚབ་བཙུགས་ནི་གི་ འཆར་གཞི་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

དགེ་ལེགས་ཕུག་ལུ་ ཆུ་རུད་བཀག་ཐབས་ཀྱི་ ཆུ་བྱག་དང་ ཆུ་ལམ་ལེགས་བཅོས་འབད་ནི།

ཁྲོམ་སྡེ་གིས་ ལོ་ཕྱེད་ཀྱི་ འཆར་དངུལ་བསྐྱར་ཞིབ་སྐབས་ ཉེན་ཅན་ས་ཁོངས་ཚུ་ནང་ ཆུ་རུད་བཀག་ཐབས་ཀྱི་ གཙོ་རིམ་སྒྲིག་ནི་ཨིན་པས། ༉ གནམ་བྱཱར་གྱི་སྐབས་ ཆུ་རུད་ལས་ ཉེན་སྐྱོབ་འབད་མི་ ཆུ་བྱག་ཚུ་ རམ་ཡར་སོཔ་ལས་ དགེ་ལེགས་ཕུག་ ནམ་མཁའ་གླིང་འདེམས་ཁོངས་ནང་ ཨའི་པོ་ལི་རོང་ཆུའི་ …

Leave a Reply

Your email address will not be published. Required fields are marked *