མི་སེར་དམངས་གཙོ་ཚོགས་པ་གིས་ ངོ་སྤྲོད་འབད་མི་ འདེམས་ངོ་གསརཔ་ཚུ།

མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་གསརཔ་༧ ངོ་སྤྲོད་འབད་ཡི།

༉ མི་སེར་དམངས་གཙོ་ཚོགས་པ་གིས་ སྤྱི་ལོ་༢༠༡༨ ལོའི་ སྲིད་དོན་ཚོགས་པའི་བཙག་འཐུ་ནང་ བཅའ་མར་གཏོགས་ནིའི་དོན་ལུ་ ཁ་ཙ་ ཐིམ་ཕུག་ལུ་ཡོད་མི་ མི་སེར་དམངས་གཙོ་ཚོགས་པའི་ཡིག་ཚང་ནང་ ཚོགས་པའི་གཙོ་འཛིན་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ འདེམས་ངོ་གསརཔ་བདུན་ ངོ་སྤྲོད་འབད་ཡི།
ཚོགས་པ་གིས་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་བགྲེསཔ་ བསོད་ནམས་རྡོ་རྗེ་དེ་ དར་དཀར་ནང་ འབྲུག་རྗེས་སྒང་རྩེ་ཟ་གི་ འདེམས་ངོ་སྦེ་ ངོ་སྤྲོད་འབད་ཡོདཔ་ད་ བསམ་རྩེའི་འཐུས་མི་ སངས་རྒྱས་མཁའ་འགྲོ་དེ་ བསམ་རྩེ་ བཀྲིས་ཆོས་གླིང་གི་འདེམས་ངོ་ དེ་ལས་ ཀ་ཀ་ཚེ་རིང་ སྤ་རོ་ལམ་གོང་ཝང་ལྕང་གི་ འདེམས་ངོ་སྦེ་ ངོ་སྤྲོད་འབད་ཡི།
ཚོགས་སྡེའི་འཐུས་མི་བགྲེསཔ་ཚུ་གིས་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ནང་ ལོག་དོ་འགྲན་འབད་ནིའི་ འཆར་གཞི་མེད་པའི་སྐོར་ལས་ གནས་ཚུལ་གོཝ་ད་ ཁོང་གིས་ སྲིད་ཚོགས་ནང་ཡང་ བཅའ་མར་གཏོགས་ནིའི་ རེ་བ་མེད་ལུགས་ཚུ་ བཤད་དེ་ཡོདཔ་ཨིན་པས།
ཕྱི་འབྲེལ་ལྷན་ཁག་གི་ དྲུང་ཆེན་བགྲེསཔ་ ཚེ་རིང་རྡོ་རྗེ་ སྤུ་ན་ཁ་ དཀར་སྦྱིས་རྟ་ལོག་འདེམས་ངོ་སྦེ་ ངོ་སྤྲོད་འབད་ཡོདཔ་ད་ ལྷན་རྒྱས་གཞུང་ཚོགས་ཀྱི་དྲུང་ཆེན་བགྲེསཔ་ ཀུན་བཟང་དབང་འདུས་དེ་ བཀྲིས་སྒང་ བར་མཚམས་གཤོང་ཕུག་གི་འདེམས་ངོ་ ཁྲོམ་སྡེའི་འགྲུལ་འཁོར་བཱསི་གི་མདོ་ཆེན་བགྲེསཔ་ བསོད་ནམས་དོན་གྲུབ་དེ་ མོང་སྒར་འདེམས་ཁོངས་ཀྱི་འདེམས་ངོ་ དེ་ལས་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་གྱི་ རང་བཞིན་གནས་སྟངས་གཙོ་འཛིན་ཨིན་མི་ གོང་གསར་ཀརྨ་ཆོས་འཕེལ་དེ་ བཀྲིས་སྒང་ ར་ལྡི་སག་སྟེང་གི་ འདེམས་ངོ་སྦེ་ ངོ་སྤྲོད་འབད་ཡི།
འབྲུག་རྗེས་སྒང་རྩེ་ཟའི་འདེམས་ངོ་ བསོད་ནམས་རྡོ་རྗེ་དེ་ ད་ལྟོའི་འཐུས་མི་ ཀརྨ་རྡོ་རྗེ་གི་ཚབ་ཨིནམ་ད་ བསམ་རྩེའི་སངས་རྒྱས་མཁའ་འགྲོ་དེ་ རི་ཏུ་རཱཇ་ ཆེ་ཏི་རི་གི་ ཚབ་ཨིན་པས།
རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་བགྲེསཔ་ཚུ་ འཕྲལ་ཁམས་ཅིག་ཁར་ མཇུག་བསྡུ་མི་ ཚོགས་སྡེའི་བཙག་འཐུ་ནང་ དོ་འགྲན་མ་འབད་བར་ སྡོད་མི་ཚུའི་གྲས་ཁར་ཨིན་པས།
འདེམས་ངོ་ཀུན་བཟང་དབང་འདུས་ཀྱིས་ ལྷན་རྒྱས་གཞུང་ཚོགས་ཀྱི་ དྲུང་ཆེན་མ་འབད་བའི་ཧེ་མར་ རྫོང་བདག་ཡང་ འབད་ཡོདཔ་ད་ བསོད་ནམས་དོན་གྲུབ་ཀྱིས་ ལོ་ཚད་ཚང་མི་ ད་ལྟོའི་ཚོགས་དཔོན་ འཇིགས་མེད་བཟང་པོ་གི་ཚབ་སྦེ་ དོ་འགྲན་འབད་ནི་ཨིན་པས།
ཚོགས་པའི་འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཚོགས་པ་གིས་ འདེམས་ཁོངས་ག་རའི་ འདེམས་ངོ་ཚུ་ ཚང་སྟེ་ཡོདཔ་ཨིན་རུང་ འདེམས་ངོ་ལ་ལོ་ཅིག་ ད་ལྟོ་ གཞུང་གཡོག་ནང་ལས་ དགོངས་ཞུ་འབད་ནིའི་དོན་ལུ་ ལཱ་ཚུ་འབད་བཞིན་དུ་འདུག་ཟེར་ཨིན་པས།
ཚོགས་པ་གིས་ འདེམས་ངོ་ངོ་སྤྲོད་འབད་མི་དེ་ཡང་ འབྲུག་མཉམ་རུབ་ཚོགས་པ་གིས་ ཡོངས་ཁྱབ་ཞལ་འཛོམས་འཚོགས་ཏེ་ ཚོགས་པའི་གཙོ་འཛིན་དང་ གཙོ་འཛིན་འོགམ་ཚུ་ གདམ་འཐུ་འབད་བའི་ཤུལ་ལས་ར་ ངོ་སྤྲོད་འབད་ཡོདཔ་ཨིན་པས།
ཚོགས་པ་གིས་ གནས་ཚུལ་གསར་བཏོན་འབད་མི་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༨ ལོའི་ བཙག་འཐུ་ནང་ མི་སེར་ཚུ་ལུ་ འཇོན་ཐངས་ཅན་གྱི་ འདེམས་ངོ་ཚུ་ གདམ་འཐུ་འབད་བཅུག་ཐབས་ལུ་ ཚོགས་པ་གིས་ ལྕོགས་གྲུབ་ཅན་གྱི་འགོ་ཁྲིདཔ་ཚུ་ གདམ་འཐུ་འབད་དེ་ཡོད་ཟེར་ཨིན་པས།
དམངས་གཙོའི་རིང་ལུགས་ནང་ ལྕོགས་གྲུབ་ཅན་གྱི་ འདེམས་ངོ་དགོཔ་ཁག་ཆེ་བའི་ཁར་ ཚོགས་པ་གིས་འབད་རུང་ དེ་བཟུམ་མའི་ འདེམས་ངོ་དགོ་པའི་ ཡིད་ཆེས་ཡོད་ཟེར་ཨིན་པས།
འདེམས་ངོ་གསརཔ་ཚུ་གིས་ སྤྱི་ཚོགས་ནང་ཕྱག་ཞུ་བའི་ཁར་ ཞི་གཡོག་ནང་འབད་རུང་ ཉམས་མྱོང་ལེ་ཤ་ཡོད་ཡོདཔ་ལས་ ཚོགས་པ་དེ་ ལྷག་པར་དུ་ སྒྲིང་སྒྲི་བཟོ་སྟེ་ཡོད་ཟེར་ ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

དགེ་ལེགས་ཕུག་ལུ་ ཆུ་རུད་བཀག་ཐབས་ཀྱི་ ཆུ་བྱག་དང་ ཆུ་ལམ་ལེགས་བཅོས་འབད་ནི།

ཁྲོམ་སྡེ་གིས་ ལོ་ཕྱེད་ཀྱི་ འཆར་དངུལ་བསྐྱར་ཞིབ་སྐབས་ ཉེན་ཅན་ས་ཁོངས་ཚུ་ནང་ ཆུ་རུད་བཀག་ཐབས་ཀྱི་ གཙོ་རིམ་སྒྲིག་ནི་ཨིན་པས། ༉ གནམ་བྱཱར་གྱི་སྐབས་ ཆུ་རུད་ལས་ ཉེན་སྐྱོབ་འབད་མི་ ཆུ་བྱག་ཚུ་ རམ་ཡར་སོཔ་ལས་ དགེ་ལེགས་ཕུག་ ནམ་མཁའ་གླིང་འདེམས་ཁོངས་ནང་ ཨའི་པོ་ལི་རོང་ཆུའི་ …

Leave a Reply

Your email address will not be published. Required fields are marked *