མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་༡༤ གཏན་འཁེལ་སོང་ཡོདཔ།

༉ མི་སེར་དམངས་གཙོ་ཚོགས་པ་གིས་ འཕྲལ་ཁམས་ཅིག་ཁར་ འདེམས་ཁོངས་༡༤ གི་འདེམས་ངོ་ཚུ་ གཏན་འཁེལ་སོང་ཡོདཔ་ད་ དེ་གི་གྲས་ཁར་ ད་ལྟོ་ཕྱག་ཞུ་བའི་བསྒང་ཡོད་མི་ འཐུས་མི་ཚུ་ཡང་ཨིན་པས།
དེ་ཡང་ མི་སེར་དམངས་གཙོ་ཚོགས་པའི་ ཡོངས་ཁྱབ་དྲུང་ཆེན་ བསོད་ནམས་རྒྱ་མཚོ་གིས་འབད་བ་ཅིན་ འདེམས་ངོ་གཏན་འཁེལ་སོང་མི་ཚུ་ བུམ་ཐང་ ཆོས་འཁོར་དང་ སྟང་འདེམས་ཁོངས་ ལྷུན་རྩེའི་ གང་ཟུར་དང་ སྨིན་སྦྱིས་ སྤ་རོ་ ལམ་གོང་དང་ ཝང་ཅང་ ལྷོ་ཐིམ་ཕུག་ ཀྲོང་གསར་ ནུབ་སྦིས་དང་ སྟང་སི་སྦྱིས་ དེ་ལས་ གཞལམ་སྒང་རྫོང་ཁག་ པཱན་བང་གི་འདེམས་ངོ་ཚུ་ཨིན་པས།
འདེམས་ཁོངས་ཀྱི་ འདེམས་ངོ་ཚུ་ ད་ལྟོ་ ལྡོག་ཕྱོགས་ཚོགས་པའི་ འཐུས་མི་ཚུ་ཡོདཔ་ད་ མོང་སྒར་རྫོང་ཁག་ དགྲ་མེད་རྩེ་-སྔ་ཚང་ སྐྱེངས་མཁར་-ཝེ་རིང་ལ་ པདྨ་དགའ་ཚལ་རྫོང་ཁག་གི་ མཁར་-གཡུ་རུང་ ན་ནོང་-ཤུ་མར་ དེ་ལས་ ངང་ལམ་དང་ བཀྲིས་སྒང་གི་ བར་མཚམས་-གཤོང་ཕུག་ ར་ལྡི་-སག་སྟེང་ དེ་ལས་ བཀྲིས་གཡང་རྩེ་རྫོང་ཁག་ནང་འབད་བ་ཅིན་ འབུམ་སྡེ་གླིང་-འཇམ་མཁར་ཚུ་ཨིན་པས།
བསོད་ནམས་རྒྱ་མཚོ་གིས་ འབད་བ་ཅིན་ འདེམས་ཁོངས་༤ གི་ དམངས་གཙོ་ཚོགས་པའི་འཐུས་མི་ཚུ་ སོར་ནི་ཟེར་ཨིན་མི་དེ་ཡང་ མོང་སྒར་དང་ གསར་སྤང་གཤོམ་སྤང་ཁ་ སྤ་རོའི་ རྡོ་དཀར་-ཤར་བ་ དེ་ལས་ བསམ་གྲུབ་ལྗོངས་མཁར་འདེམས་ཁོངས་ཚུ་ཨིནམ་ད་ འཐུས་མི་ཚུ་ཡང་ ཚོགས་དཔོན་འཇིགས་མེད་བཟང་པོ་དང་ རིག་འཛིན་རྡོ་རྗེ་ སྐལ་བཟང་ཌི་དབང་མོ་ དེ་ལས་ མིང་པོ་འབྲུག་པ་ཚུ་ཨིན་པས།
མོང་སྒར་གྱི་འཐུས་མི་ ཚོགས་དཔོན་འཇིགས་མེད་བཟང་པོ་དང་ བསམ་གྲུབ་ལྗོངས་མཁར་ བདེ་བ་ཐང་– སྒོམ་དར་གྱི་འཐུས་མི་ མིང་པོ་འབྲུག་པོ་༢ པོ་དེ་ སྐྱེས་ལོ་༦༥ ལང་ནི་དེ་གིས་ ལོག་བཙག་འཐུའི་ནང་ བཅའ་མར་གཏོགས་མི་ཚུགས་ནི་ཨིནམ་ད་ གསར་སྤང་ གཤོམ་སྤང་ཁའི་འཐུས་མི་ རིག་འཛིན་རྡོ་རྗེ་དེ་ ལོག་བཅའ་མར་མི་གཏོགས་ནི་དང་ སྤ་རོ་ རྡོ་དཀར་-ཤར་པ་གི་འཐུས་མི་ སྐལ་བཟང་དབང་མོ་དེ་ ཤེས་ཡོན་སྦྱང་ནིའི་དོན་ལུ་ ལོག་བཅའ་མར་མི་གཏོགས་ནི་ཨིན་པས།
འཐུས་མི་ལ་ལོ་ཅིག་གིས་ ལོག་བཅའ་མར་ མི་གཏོགས་ནི་སྦེ་ སླབ་མི་དེ་ ཁོང་ར་ ལཱ་སོ་སོ་འབད་ནིའི་ འཆར་གཞི་ཡོད་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།
བསོད་ནམས་རྒྱ་མཚོ་གིས་འབད་བ་ཅིན་ ད་ཚུན་ འདེམས་ཁོངས་༡༨ ཀྱི་འདེམས་ངོ་ཚུ་ གཏན་འཁེལ་སོང་ཡི་ཟེར་ཨིན་རུང་ ད་ལྟོ་ མིང་ཐོ་ཚུ་ གསལ་བཀོད་མི་འབད་ནི་ཨིན་མི་དེ་ འདེམས་ངོ་གསརཔ་ཚུ་གིས་ ཁོང་གི་མི་ཐོ་ གསལ་བསྒྲགས་མ་འབད་ཟེར་ སླབ་མི་ལུ་བརྟེན་ ད་ལྟོ་ གསང་བའི་ཐོག་ལུ་ བཞག་ཡོད་ཟེར་ཨིན་པས།
འདེམས་ངོའི་ མིང་ཐོ་གསལ་བསྒྲགས་དེ་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་མཇུག་བསྡུ་བའི་ཤུལ་ལུ་ འབད་ནི་ཟེར་ཨིནམ་ད་ ད་ཚུན་ འདེམས་ངོ་ཚུ་ ལྕོགས་གྲུབ་ཅན་དང་ ཤེས་ཡོན་ཅན་ དེ་ལས་ ལཱ་འབད་ནི་ལུ་ སྤྲོ་བ་ཡོད་མི་ཚུ་ཡོད་ཟེར་ ཡོངས་ཁྱབ་དྲུང་ཆེན་གྱིས་ བཤད་ཅི།
ཁོ་གིས་འབད་བ་ཅིན་ འདེམས་ངོ་སྦེ་ བཅའ་མར་གཏོགས་ནི་ལུ་ སྤྲོ་བ་བསྐྱེད་མི་ ལེ་ཤ་ཐོནམ་མས་ཟེར་ཨིན་མི་ དེ་ཡང་ སྤྱི་ལོ་༢༠༡༦ ལུ་ བྱང་ཐིམ་ཕུག་གི་འཐུས་མི་ ལོག་བཙག་འཐུ་འགོ་འདྲེན་འཐབ་པའི་ཤུལ་ལས་ སྤྲོ་བ་བསྐྱེད་མི་ ལེ་ཤ་ཐོན་ཡི་ཟེར་ཨིན་པས།
ད་ལྟོ་ཕྱག་ཞུ་བའི་བསྒང་ཡོད་མི་ འཐུས་མི་ཚུ་ ཚོགས་པའི་བཀོད་ཚོགས་ཀྱིས་ བརྟག་ཞིབ་མཐིལ་ཕྱིན་འབད་དོ་ཡོདཔ་ལས་ འཕྲལ་མགྱོགས་ར་ བརྟག་ཞིབ་སྙན་ཞུ་ གསལ་སྟོན་འབད་ཐོག་ལས་ མི་མང་ལུ་ གསལ་བསྒྲགས་འབད་ནི་ཟེར་ ཨིན་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

 

About admin

Check Also

སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་གཏང་དགོ་པའི་ཞུ་བ།

༉ ཤར་ཕྱོགས་དང་ ནུབ་ཕྱོགས་ཀྱི་བར་ན་ གཞུང་ལམ་རྒྱ་སྐྱེད་འབད་དོ་ཡོདཔ་ལས་ ཕར་ཚུར་རྒྱུན་འགྲུལ་འཐབ་མི་ཚུ་ལུ་ དུས་ཡུན་མར་ཕབ་འབད་ནི་དང་ སྣུམ་འཁོར་ཚུ་ཡང་ འཁོར་ལམ་ལེགས་ཤོམ་ནང་ འགྲོ་འགྲུལ་འབད་ནིའི་ གོ་སྐབས་ཡོདཔ་ལས་ ག་རང་ལུ་ ཁེ་ཕན་བྱུང་ཡོདཔ་ཨིན་རུང་ སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་ མ་གཏང་པ་ཅིན་ ཐུག་རྐྱེན་འབྱ྄ང་ཉེན་སྦོམ་འདུག་ཟེར་ཞུ་ནི། …

Leave a Reply

Your email address will not be published. Required fields are marked *