ཙ་ཀ་གླིང་དགོན་པ་ལུ་ གསར་བཞེངས་འབད་བའི་བསྒང་ཡོད་མི་ ཐོག་ཚད་༢ དང་ ཟུར་༨ འབད་མི་ གཙུག་ལག་ཁང་།

མི་ལོ་༤༠༠ དེ་ཅིག་ལང་མི་ ཙ་ཀ་གླིང་ལྷ་ཁང་ ཉམས་གསོ་ཞུ་བའི་བསྒང་།

༉ པད་གླིང་ཆོས་ལུགས་ མ་ཉམས་པར་འཛིན་མི་ མོང་སྒར་ཙ་ཀ་གླིང་དགོན་པ་ལུ་ རྒེད་འོག་གི་མི་སེར་ཚུ་གི་དོན་ལུ་ དམངས་ཀྱི་རིམ་གྲོ་ སྦོམ་ཤོས་ཅིག་ཨིན་མི་ མཁའ་འགྲོའི་བསྐང་བཤགས་སྐབས་ ལྷ་ཁང་ཆུང་ནི་དེ་གིས་ མི་མ་ཤོང་པའི་གདོང་ལེན་བྱུངམ་ཨིན་པས།

ཨིན་རུང་ ད་རེས་ནངས་པར་ ལྷ་ཁང་གསརཔ་ཅིག་ བཞེངས་པའི་བསྒང་ཡོད་མི་ལུ་བརྟེན་ མ་འོངས་པ་ལུ་ དད་ཅན་ཚུ་གིས་ ས་གོ་ཡངས་ཏོག་ཏོ་སྦེ་ གལ་རྐྱེན་བར་ཆད་ཚུ་ཞི་ཐབས་ལུ་ རང་སོའི་ སྨོན་ལམ་བཏབ་ནི་དང་ བྱིན་རླབས་ཞུ་ནིའི་གོ་སྐབས་ འཐོབ་ཚུགས་ནི་ཨིནམ་མ་ཚད་ ལམ་སྲོལ་ཉམས་སྲུང་འབད་ནི་ལུ་ཡང་ ཕན་ཁྱད་འབྱུང་ནི་ཨིན་པས།

ཐོག་ཚད་༢ དང་ ཟུར་༨ འབད་མི་ གཙུག་ལག་ཁང་གསར་བཞེངས་ཀྱི་ལཱ་ཚུ་ཡང་ སྤྱི་ལོ་༢༠༡༩ འི་ཟླ་༡༢ པའི་ནང་ འགོ་བཙུགས་ཡོདཔ་བཞིན་དུ་ ད་རེས་ནངས་པར་ ལོ་ལྷགཔ་ཅིག་གི་ཤུལ་ལས་ ཕྱིའི་བཟོ་བཀོད་ཚུ་ ཧ་ལམ་ མཇུག་བསྡུ་ཡོདཔ་ད་ ནང་གི་བཟོ་བཀོད་དོན་ལུ་ ད་རུང་ ལོ་༢ དང་༣ དེ་ཅིག་ འགོར་ནི་ཨིན་པས།

མཁའ་འགྲོ་སྡེ་ལྔའི་ སྡེ་ཕོ་བྲང་དང་བཅསཔ་སྦེ་ ཉིནམ་༥ འི་རིང་ གནང་སྲོལ་ཡོད་མི་ མཁའ་འགྲོའི་བསྐང་བཤགས་སྐབས་ ས་གོ་ཆུང་མི་ལུ་བརྟེན་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ དགོན་པ་ལུ་ ལེན་ཐེངས་༢ དེ་ཅིག་ ཞབས་བཅགས་གནང་པའི་སྐབས་ ལྷ་ཁང་རྙིངམ་ནང་ མི་མ་ཤོང་ནི་དེ་གིས་ གསརཔ་བཞེངས་དགོ་པའི་ བཀའ་རྒྱ་གནང་མི་དང་བསྟུན་ ད་རེས་ བཞེངས་པའི་བསྒང་འདུག།

ལྷ་ཁང་རྙིངམ་དེ་ཡང་ ཉམས་ཆག་ཤོར་ཡོདཔ་ལས་ མི་དབང་མཆོག་གི་བཀའ་རྒྱ་དང་འཁྲིལ་ ལྷ་ཁང་གི་རང་བཞིན་ལུ་ བསྒྱུར་བཅོས་མ་འབད་བར་ ཤིང་ཆས་ཚུ་སོར་ཞིནམ་ལས་ ཉམས་གསོ་ཞུ་ནིའི་ འཆར་གཞི་ཡོདཔ་ཨིན་པས།

བཟོ་སྐྲུན་གྱི་ལཱ་ཚུ་ འགོ་འདྲེན་འཐབ་མི་ མཁན་པོ་འཇིགས་མེད་དབང་ཕྱུག་གིས་ སླབ་མིའི་ནང་ ལྷ་ཁང་དེ་ནང་ མི་དབང་མཆོག་གིས་ སྤྱི་ལོ་༢༠༡༤ ལུ་ ཞབས་བཅགས་གནང་ཡོདཔ་མ་ཚད་ སྤྱི་ལོ་༢༠༡༨ ལུ་ ཐེངས་༢ པ་ཞབས་བཅགས་པའི་སྐབས་ ལྷ་ཁང་ནང་ ཕྱག་འཚལ་བྱིན་བརླབས་ཞུ་བར་འོང་མི་ཚུ་ མ་ཤོངམ་མ་ཚད་ དཀྱིལ་འཁོར་བསྒྲིགཔ་ད་ མ་ཤོང་པའི་དཀའ་ངལ་གཟིགས་ཏེ་ སྤྱིར་འཛམ་བུ་གླིང་དང་ སྒོས་སུ་འབྲུག་རྒྱལ་ཁབ་ནང་ ཞི་བདེ་འབྱུང་ཐབས་ལུ་ གསར་བཞེངས་འབད་དགོ་པའི་ བཀའ་གནང་ཡི་ཟར་ཨིན་པས།

ལྷ་ཁང་དེ་ནང་ པདྨ་གླིང་པའི་གཏེར་མ་ སྒྲུབ་པ་བཀའ་བརྒྱད་ཐུགས་ཀྱི་མེ་ལོང་ལས་འཁྲུངས་པའི་ བཀའ་བརྒྱད་ཀྱི་སྐུ་འདྲ་ཚུ་ བཞུགས་སུ་གསོལ་ནི་ཨིན་པས།

མཁན་པོ་འཇིགས་མེད་དབང་ཕྱུག་གིས་ བཤད་མིའི་ནང་ ལྷ་ཁང་གསརཔ་གི་ ལཱ་ཚུ་མཇུག་བསྡུཝ་ཅིག་ རྙིངམ་ཉམས་གསོ་ཞུ་ནིའི་ལཱ་ཚུ་ འགོ་བཙུགས་ནི་ཟེར་ཨིན་པས།

ས་ཁོངས་ལྟ་རྟོག་འབད་མི་ རྫོང་ཁག་བཟོ་རིག་འགོ་དཔོན་ལས་རོགསཔ་ རྡོ་རྗེ་ཚེ་རིང་གིས་ སླབ་མིའི་ནང་ ཟུར་རེ་ལུ་ རྒྱ་ཚད་ཕིཊ་༢༡ རེ་འབད་མི་ ལྷ་ཁང་དེ་ རྫོང་ཁག་བདག་སྐྱོང་གིས་ དངུལ་འབྲེལ་དང་ ཐབས་རིག་གི་རྒྱབ་སྐྱོར་ཐོག་ལས་ སྤྱིར་བཏང་འཛིན་སྐྱོང་ ཙ་ཀ་གླིང་སྒོམ་སྡེ་ཚོགས་ཆུང་གིས་ འགོ་འདྲེན་འཐབ་དོ་ཟེར་ཨིན་པས།

ད་རེས་ ཙ་ཀ་གླིང་སྒོམ་སྡེ་ནང་ མཚམས་པ་༩ དང་ སློབ་དཔོན་༡ དགེ་སློང་ཞལ་གྲངས་༣༥ དེ་ཅིག་ཡོདཔ་ད་ ཧེ་མ་འབད་བ་ཅིན་ སྒོམ་སྡེ་དེ་ སྤྱི་ལོ་༢༠༠༩ ལུ་ སྒང་སྟེང་སྤྲུལ་སྐུ་ལུ་ ཕུལ་བའི་ཤུལ་ལས་ སྤྱི་ལོ་༢༠༡༠ལུ་ རིན་པོ་ཆེ་གིས་ མ་དངུལ་ དངུལ་ཀྲམ་༩༠༠,༠༠༠གནང་སྟེ་ སྒོམ་སྡེ་གཞི་བཙུགས་འབད་ཡོདཔ་ཨིན་པས།

དགོན་པ་དེ་ སྤྱི་ལོ་༡༦༤༠ལུ་ བསྟན་འཛིན་དོན་གྲུབ་མཆོག་ ས་བཅགས་མཛད་པར་བྱོན་པའི་སྐབས་ ས་གནས་དེ་ཁར་ལྷོདཔ་ད་ ཁོ་རའི་ དབུ་ཞྭ་རྩང་གིས་བཟུང་སྟེ་ ཐོགས་ལུས་ནི་དེ་གིས་ ལུང་བསྟན་དེ་ནང་ཡོདཔ་གཟིགས་ཏེ་ གདན་ས་བཅགས་གནང་ཡོདཔ་ད་ དགོན་སྡེའི་མིང་ ཙ་ཀ་གླིང་ཟེར་ བཏགས་དགོ་མི་དེ་ཡང་ ཁོང་རའི་གཡུས་སྐད་ནང་ ཞྭམོ་ལུ་ ཙ་ཀ་ཟེར་སླབ་ནི་དེ་གིས་ཨིན་ཟེར་ གཡུས་མི་རྒས་ཤོས་ཚུ་གིས་ བཤདཔ་ཨིན་པས།

ད་རེས་ནངས་པར་ སྒང་སྟེང་དགོན་པ་ལུ་ སྐུ་ཡོན་སྦྱང་མི་བླམ་བརྩིསཝ་ད་ སྒོམ་སྡེ་དེ་ནང་ པད་གླིང་བསྟན་པ་གཞི་བཙུགས་འབད་དེ་ གདན་རབས་༡༣ འགྱོ་དོ་ཡོདཔ་ད་ ཙ་ཀ་གླིང་གཡུས་ཚན་ནང་ ཆོས་ཕྱོགས་ཀྱི་རིམ་པ་ག་ཅི་ར་འགོ་འདྲེན་འཐབ་རུང་ པད་གླིང་ལུགས་སྦེ་ གནང་དོ་ཡོདཔ་ཨིན་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ། མོང་སྒར།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *