༉ ནངས་པ་ལས་འགོ་བཙུགས་ ཉིན་གྲངས་༣ གྱི་རིང་ འབྲུག་རྒྱལ་ཁབ་ཀྱི་ ས་གནས་མཐའ་དབུས་མེད་པར་ རྒྱལ་ཡོངས་མི་རྩིས་ཀྱི་ཉིནམ་སྦེ་ བརྩི་སྲུང་འབདཝ་དང་འབྲེལ་ གྲངས་རྩིས་སམ་ ཐོ་རྩིས་རྐྱབ་མི་༩,༥༧༢ ཀྱིས་ ཁྱིམ་གུང་རེ་རེ་བཞིན་དུ་ སྒོ་བཤལ་རྐྱབ་སྟེ་ གནས་སྡུད་ཚུ་ བསྡུ་སྒྲིག་འབད་ནི་ཨིན་མས།
རྒྱལ་ཁབ་ནང་ མི་རློབས་དང་ ཁྱིམ་གྱི་གྲངས་རྩིས་ རྐྱབ་ནི་ཨིན་པའི་སྐོར་ འདས་པའི་ཟླ་ངོ་༡ གི་རིང་ མི་མང་ལུ་ གསལ་བསྒྲགས་འབད་ཡོདཔ་མ་ཚད་ བརྡ་བརྒྱུད་ནང་ལས་ཕར་ ང་བཅས་ཀྱི་ མི་ཚུ་གིས་ གྲངས་རྩིས་རྐྱབ་མི་ཚུ་ལུ་ མཉམ་འབྲེལ་གང་དྲག་འབད་དགོཔ་སྦེ་ རྒྱལ་ཡོངས་རྩིས་དཔྱད་བཀོད་འཛིན་དང་ འབྲེལ་ཡོད་ཚོགས་ཆུང་གི་ ཁ་ཐུག་ལས་ ཞུ་བསྐུལ་འབད་དང་འབད་བཞིན་དུ་ཡོདཔ་ཨིན།
འབྲུག་གི་མི་རློབས་དང་ ཁྱིམ་གྱི་གྲངས་རྩིས་ ག་ཅི་སྦེ་ རྐྱབ་ཨིན་ན?
གྲངས་རྩིས་འདི་ ལོ་ངོ་བཅུ་ཕྲག་གི་བར་ན་ཚར་རེ་ འགོ་འདྲེན་འཐབ་མི་དེ་ཡང་ རྒྱལ་ཁམས་ཀྱི་ གནས་སྟངས་དང་ དཔལ་འབྱོར་ མི་སྡེའི་བརྡ་དོན་ཚུ་ དུས་མཐུན་བཟོ་ཐབས་ལུ་ཨིནམ་ད་ རྒྱལ་ཁབ་ལུ་ གནས་སྡུད་ངེས་ཏིག་ཡོད་པ་ཅིན་ གཞུང་གིས་ སྲིད་བྱུས་དང་ འཆར་གཞི་ག་ཅི་ར་བརྩམ་རུང་ འདི་དང་འཁྲིལ་ བརྩམ་ནི་ཨིན་མས།
གྲངས་རྩིས་ཀྱི་སྐབས་ལུ་ སྐྱེས་ལོ་དང་ མི་རིགས་ཀྱི་ དབྱེ་བ་མ་ཕྱེ་བར་ རྒྱལ་ཁབ་ནང་ ཕྱི་ནང་གི་ མི་རིགས་ཡོད་ཚད་ག་ར་ ཐོ་རྩིས་རྐྱབ་ནི་གིས་མ་དོར་བར་ ཁྱིམ་གུང་ག་དེམ་ཅིག་ཡོདཔ་ཨིན་ན་ དེ་ལས་ མི་འབོར་གྱི་ ཞིབ་རྩིས་དང་གཅིག་ཁར་ སྐྱེ་ནུས་དང་ ཤི་རྐྱེན་ཚད་གཞི་ ཡན་ལག་སྐྱོན་ཞུགས་ ཤེས་ཡོན་ ལཱ་གཡོག་ སོ་ནམ་དང་ སྒོ་ནོར་ འོང་འབབ་དང་ཟད་འགྲོ་ བུ་ལོན་ སེམས་ཁམས་གནས་སྟངས་ལ་སོགས་པ་ཚུ་གི་ བརྡ་དོན་ཚུ་ བསྡུ་ལེན་འབད་ནི་ཨིན་མས།
བརྡ་དོན་དེ་ཚུ་ བསྡུ་ལེན་འབདཝ་ད་ ཁྱིམ་ནང་སྡོད་མི་ བཟའ་ཚང་གཙོ་ཅན་དེ་ལུ་ དྲི་བ་དྲིས་ལན་འབད་ནི་ཨིནམ་ལས་ དེ་བསྒང་ དྲི་བའི་ལན་ཚུ་ འཛོལ་བ་མེདཔ་སྦེ་ སླབ་དགོཔ་དེ་གལ་ཆེ།
གལ་སྲིད་ ལན་རྐྱབ་མི་ཚུ་གིས་ བརྡ་དོན་དེ་ཚུ་ དྲང་བདེན་སྦེ་ མ་སླབ་པ་ཅིན་ རྒྱལ་ཁབ་ཀྱི་ གནས་སྡུད་དང་ རྩིས་དཔྱད་ཚུ་ ངེས་ཏིག་སྦེ་ འཐོབ་མི་ཚུགས་ནི་ཨིནམ་ལས་ མཐའན་མཇུག་ལུ་ རྒྱལ་ཁམས་ཀྱི་ གནས་སྟངས་ག་ཅི་བཟུམ་ཡོདཔ་ཨིན་ན་ ཏན་ཏན་སྦེ་ གསལ་སྟོན་འབད་མི་ཚུགས།
འཛམ་གླིང་རྒྱལ་ཁབ་ག་ཏེ་ར་འབད་རུང་ མི་སྡེ་དཔལ་འབྱོར་གོང་འཕེལ་གྱི་ གནས་ཚད་དེ་ མི་རློབས་དང་ ཁྱིམ་གྱི་གྲངས་རྩིས་ དེ་ལས་ མི་སྡེའི་གནས་རིམ་དང་ འཚོ་སྐྱོང་ཚུ་ལུ་ རག་ལསཔ་ལས་ གཞུང་འབྲེལ་གྱི་ གནས་སྡུད་ཚུལ་ལྡན་ཅིག་ མེད་པ་ཅིན་ གོང་འཕེལ་གྱི་ མདུན་ལམ་ལུ་ ཞུགས་ཚུགས་པར་ ལཱ་ཁག་ཡོད།
ད་རེས་ འབྲུག་གི་མི་རློབས་དང་ ཁྱིམ་གྱི་གྲངས་རྩིས་ལས་ཐོབ་མི་ གནས་སྡུད་ཚུ་ སྤྱི་ལོ་༢༠༡༨ ལུ་ ལོ་ལྔའི་འཆར་གཞི་༡༢ པ་བརྩམ་ནི་དང་ ལག་ལེན་གྱི་དོན་ལུ་ གལ་གནད་ཅིག་ཨིནམ་མ་ཚད་ བཙག་འཐུ་ལས་འགྲུབ་མི་ གཞུང་གསརཔ་ག་འོང་རུང་ རྒྱལ་ཁམས་ཀྱི་ གནས་སྟངས་སྐོར་ གནས་སྡུད་དུས་མཐུན་བཟོ་སྟེ་ གྲ་སྒྲིག་བཞག་ནི་དེ་ཡང་ ཁག་ཆེ་ནི་ཨིན་མས།
འདི་འབདཝ་ལས་ གོང་ལུ་གསལ་བཀོད་འབད་དོ་བཟུམ་ གྲངས་རྩིས་འབདཝ་ད་ བརྡ་དོན་དང་ གནས་སྡུད་འཛོལ་བ་མེདཔ་སྦེ་ འཐོབ་ཚུགས་ནིའི་དོན་ལུ་ རྒྱལ་ཡོངས་མི་རྩིས་ཀྱི་ཉིནམ་དེ་ནང་ འབྲུག་མི་ཚུ་ ཕར་ཚུར་འགྲོ་འགྲུལ་འབད་ནི་ འཛེམ་ཐོག་ལས་ ཁྱིམ་ནང་སྡོད་དེ་ མི་རྩིས་རྐྱབ་མི་དང་ ཐོ་རྩིས་རྐྱབ་མི་ སྡེ་ཚན་ཚུ་ལུ་ མཉམ་འབྲེལ་གང་དྲག་འབད་དགོ་པའི་ཁར་ དྲི་བ་ག་ཅི་ར་དྲི་རུང་ སྦ་གསང་མེད་པར་ སླབ་ཐོག་ལས་ རྒྱལ་ཡོངས་ཀྱི་ རྩིས་དཔྱད་དང་ གནས་སྡུད་ངེས་གཏན་བཟོ་ནི་ལུ་ ལྷན་ཐབས་འབད་གེ་ཟེར་ ཞུ་ནི་ཨིན།
Check Also
ཨེཆི་ཨའེ་བི་/ཨེཌསི་ཐོབ་མིའི་གནད་དོན་ ཚ་གྱང་ཅན་ལུ་གྱུར་ཡོདཔ།
༉ རྒྱལ་ཁབ་ནང་ ད་རུང་ ཨེཆི་ཨའེ་བི་/ཨེཌསི་ཐོབ་མི་༣༩ ལྷགཔ་ཅིག་ ཐོ་བཀོད་འབད་ཡོདཔ་ཨིན་མས། འབྲུག་གིས་ སྤྱི་ལོ་༢༠༣༠ འི་ནང་འཁོད་ལུ་ ཨེཆི་ཨའེ་བི་/ཨེཌསི་ནད་ཡམས་ རྩ་མེད་གཏང་ནི་གི་ རྒྱལ་ཡོངས་དམིགས་ཡུལ་འགྲུབ་ཐབས་ལུ་ བརྩོན་ཤུགས་བསྐྱེད་རུང་ ལོ་ཨ་རྟག་ར་ ནད་འབུབ་ཐོབ་མིའི་གྱངས་ཁ་ …