ཞི་བའི་མི་སྡེ་ལས་ཚོགས་ཀྱི་ གྲོས་འཛོམས་ནང་ གྲལ་གཏོགས་འབད་མི་ཚུ།

མི་མང་ཤོས་ཅིག་གིས་ ཞི་བའི་མི་སྡེ་ལས་ཚོགས་ཀྱི་སྐོར་ལས་ ཤེས་རྟོགས་མེདཔ།

༉ རྒྱལ་ཁབ་ནང་ མི་སེར་མང་ཤོས་ཅིག་གིས་ ཞི་བའི་མི་སྡེ་ལས་ཚོགས་ཀྱི་སྐོར་ལས་ མ་ཤེས་མི་དེ་ གོ་བ་བརྡ་སྤྲོད་ཚུ་ ལེགས་ཤོམ་སྦེ་ མ་འབད་མི་ལུ་བརྟེན་ཏེ་ཨིནམ་སྦེ་ ཞིབ་འཚོལ་པ་ཚུ་གིས་ སྙན་ཞུ་འབད་ཡི།
དེ་ཡང་ སྤྱི་ཟླ་༩ པའི་ཚེས་༥ ལུ་ ན་གཞོན་དཔལ་རི་གི་ བརྡ་བརྒྱུད་ཁང་ནང་སྦེ་ ཞིབ་འཚོལ་པ་གསུམ་གྱིས་ ཟླཝ་ཕྱེད་དང་གཉིས་ཀྱི་རིང་ ཞི་བའི་མི་སྡེ་ལས་ཚོགས་ཚུ་གི་སྐོར་ལས་ ཞིབ་འཚོལ་འབད་མི་དེ་ གསལ་བཤད་འབད་ཡི།
ཁོང་གིས་ དེ་བཟུམ་གྱི་ ཞིབ་འཚོལ་འབད་དགོ་མི་དེ་ཡང་ མི་སེར་ཚུ་གིས་ ཞི་བའི་མི་སྡེ་ལས་ཚོགས་ཟེར་མི་དེ་ ག་ཅི་ཨིན་ན་དང་ ཁོང་གིས་ ལཱ་ག་ཅི་འབད་དོ་ཡོདཔ་ཨིན་ན་ དེ་ལས་ ཞི་བའི་མི་སྡེ་ལས་ཚོགས་ཚུ་གི་ ཚོར་སྣང་ཚུ་ ག་དེ་སྦེ་ཡོདཔ་ཨིན་ན་ དེ་ཚུ་ ཧ་གོ་ནིའི་དོན་ལུ་ཨིནམ་སྦེ་བཤད་ཅི།
ཞིབ་འཚོལ་པ་ ཌོག་ཊར་ཚེ་རིང་གཡང་སྒྲོན་གྱིས་ བཤད་མི་དང་འཁྲིལཝ་ད་ ཞི་བའི་མི་སྡེ་ལས་ཚོགས་ཟེར་མི་དེ་ར་ རྒྱལ་ཁབ་དང་ མི་སྡེའི་གོང་འཕེལ་ནང་ ལྷན་ཐབས་འབད་མི་དང་ གཞུང་དང་ མི་སེར་གཉིས་ཀྱི་བར་ན་ ཟམ་བཟུམ་ཅིག་ དེ་ལས་ གཞུང་གིས་ མ་ལྷོད་པའི་ས་ཁོངས་ཚུ་ནང་ གྲོགས་རམ་འབད་མི་ཨིན་ཟེར་ཨིན་པས།
ཁོང་ཞིབ་འཚོལ་པ་ཚུ་གིས་ ཞི་གཡོགཔ་དང་ རྒྱལ་སྤྱི་ལས་སྡེ་ ས་གནས་གཞུང་གི་འགོ་ཁྲིདཔ་ སྒེར་གྱི་ལས་བྱེདཔ་ ཚོང་པ་ སློབ་ཕྲུག་ལ་སོགས་པ་འབདཝ་ད་ མི་གྲངས་༤༤ ལུ་ དྲི་བཀོད་འབད་ཡོདཔ་ད་ དེ་ནང་ལས་ མང་ཤོས་ཅིག་གིས་ ཞི་བའི་མི་སྡེ་ལས་ཚོགས་ཟེར་མི་ ག་ཅི་ཨིན་ན་ ཧ་མ་གོ་མི་འདུག་ཟེར་ཨིན་པས།
ཨིན་རུང་ ལ་ལོ་ཅིག་གིས་ ཞི་བའི་མི་སྡེ་ལས་ཚོགས་ཟེར་ སླབ་པའི་སྐབས་ ཧ་མ་གོ་སྟེ་འབད་རུང་ དབྱེ་བ་ཕྱེ་ཞིནམ་ལས་ ཨམ་སྲུ་ཆ་བཞག་དང་ལྕོགས་གྲུབ་ཡར་སྐྱེད་ལས་སྡེ་ ག་ཅི་ཨིན་ན་ ཤེས་ག་ཟེར་ དྲི་བའི་སྐབས་ལུ་ དེ་གི་སྐོར་ལས་ ཤེས་ཟེར་སླབ་མི་ཡང་འདུག་ཟེར་ཨིན་པས།
དེ་འབདཝ་ལས་ ཞིབ་འཚོལ་སྙན་ཞུ་དང་འཁྲིལཝ་ད་ ཧེ་མ་ལས་ གཞི་བཙུགས་འབད་དེ་ཡོད་མི་དང་ ཡོངས་གྲགས་ཡོད་མི་ ཞི་བའི་མི་སྡེ་ལས་ཚོགས་མ་གཏོགས་ ད་ལྟོ་གསརཔ་དང་ ཡོངས་གྲགས་མེད་མི་ཚུ་གི་སྐོར་ལས་ མ་ཤེས་མི་ མི་ལེ་ཤ་ཡོད་པའི་ མཐོང་སྲོལ་བྱུང་ནུག།
དེ་འབདཝ་ལས་ ཞི་བའི་མི་སྡེ་ལས་ཚོགས་ཚུ་གི་སྐོར་ལས་ ཧ་གོ་དགོཔ་དང་ ཤེས་དགོཔ་ཨིན་པ་ཅིན་ ཁོང་ར་གིས་ གོ་བ་བརྡ་སྤྲོད་ཀྱི་ལས་རིམ་དང་ ཡང་ཅིན་ བརྡ་བརྒྱུད་ཀྱི་ཐོག་ལས་ གོ་བ་བརྡ་སྤྲོད་འབད་དགོཔ་འདུག་ཟེར་ཨིན་པས།
རྒྱལ་ཁབ་ནང་ ཞི་བའི་མི་སྡེ་ལས་ཚོགས་འགོ་བཙུགས་ཏེ་ ལོ་དག་པ་ཅིག་ སོང་སྟེ་འབད་རུང་ གཞུང་གི་ཁ་ཐུག་ལས་ བར་འཛུལ་འབད་ཡོད་པའི་གནད་དོན་ ཐོན་ར་མ་ཐོན་ཟེར་ སྙན་ཞུ་འབད་ནུག།
དེ་མ་ཚད་ རྒྱལ་ཁབ་ཀྱི་ མཐའ་ཟུར་གྱི་གཡུས་ཚན་དང་ གཞུང་གིས་བདའ་མ་ཟུན་པའི་ ས་ཁོངས་ཚུ་ནང་ཡང་ ཞི་བའི་མི་སྡེ་ལས་ཚོགས་ཚུ་གིས་ འགན་ཁུར་འབག་སྟེ་ ལས་རིམ་ཚུ་ ག་དེ་དྲག་དྲག་ འབད་ནུག་ཟེར་ཨིན་པས།
དེ་འབདཝ་ལས་ ཞི་བའི་མི་སྡེ་ལས་ཚོགས་ཀྱི་ གདོང་ལེན་ཟེར་རུང་ གོ་བ་བརྡ་སྤྲོད་ཀྱི་ ལས་རིམ་ཚུ་ མེད་ནི་དེ་གིས་ ལས་ཚོགས་ཀྱིས་ ཞབས་ཏོག་ཚུ་ ག་དེ་དྲག་དྲག་ མི་སེར་གྱི་དོན་ལུ་ བྱིན་ཏེ་འབད་རུང་ ཁོང་གིས་ཧ་གོ་མ་ཚུགསཔ་ལས་ ཞབས་ཏོག་སྤྱོད་མི་ཚུགས་ནི་མས་ཟེར་ཨིན་པས།
དེ་མ་ཚད་ ད་རེས་ནངས་པ་ ཞི་བའི་མི་སྡེ་ལས་ཚོགས་མང་ཤོས་ཅིག་ར་ ཕྱིའི་གྲོགས་རམ་ལུ་ བརྟེན་སྡོད་མི་ཨིནམ་ལས་ ཡུན་བརྟན་ག་དེ་སྦེ་ གནས་ཚུགས་དོ་འོང་ག་ཟེར་བའི་ དོགས་པ་ཡོདཔ་སྦེ་ཨིན་པས།
ཞི་བའི་མི་སྡེ་ལས་ཚོགས་ཚུ་ལུ་ མ་དངུལ་ལངམ་སྦེ་ མེད་པའི་བསྒང་ལས་ མི་སྟོབས་གོང་འཕེལ་གཏང་ནིའི་ དཀའ་ངལ་ཚུ་ཡང་འོང་ནི་ཨིནམ་ལས་ ཞི་བའི་མི་སྡེ་ལས་ཚོགས་ཚུ་ ག་དེ་སྦེ་ གོང་འཕེལ་འགྱོ་དོ་འོང་ག་ཟེར་བའི་ ཞིབ་འཚོལ་གྱི་ སྙན་ཞུ་ཚུ་ སྤྱན་འབུལ་ཕུལ་ཡི།
རྒྱལ་ཁབ་ནང་ ཞི་བའི་མི་སྡེ་ལས་ཚོགས་༥༠ ཡོདཔ་བཞིན་དུ་ ལས་རིམ་ནང་༢༠ ལྷགཔ་ཅིག་གིས་ བཅའ་མར་གཏོགས་ཡོད་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

བོང་ཟམ་ཚུན་ འཁོར་ལམ་བསལ་ཡོད་རུང་ ཟམ་མེདཔ།

༉ ཀྲོང་གསར་ ནུབ་སྦིས་རྒེད་འོག་ལྟེ་བ་ལས་ ཆུའི་ཕར་ཁ་དང་ ཚུར་ཁར་སྡོད་མི་ཚུ་ རྒེད་འོག་ལྟེ་བའི་ནང་འོང་པའི་སྐབས་ སྟབས་བདེ་ཏོག་ཏོ་བཟོ་ནིའི་དོན་ལུ་ བསྐོར་ལམ་མཐུད་སྦྲེལ་འབད་ནི་དེ་ བོང་ཟམ་ཚུན་ བསལ་ཡོདཔ་ཨིན་རུང་ མང་སྡེ་ཆུའི་གུ་ལས་ ཟམ་མེདཔ་ཨིན་པས། ཟམ་བཟོ་སྐྲུན་འབད་བའི་ཤུལ་ལས་ མང་སྡེ་ཕུག་དང་ ལྗོངས་ཐང་ …

Leave a Reply

Your email address will not be published. Required fields are marked *