མི་མང་གིས་ ཡོངས་འབྲེལ་ཐོག་ དངུལ་ཀྲམ་ཐེར་འབུམ་༡.༣༧ སྤྲོད་ལེན་འབད་ཡོདཔ།

༉ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ འགྲུལ་སྐྱོད་བཀག་དམ་དང་པ་ཕྱདཔ་ད་ གཉིས་པའི་སྐབས་ ཡོངས་འབྲེལ་ཐོག་ལས་ ཏི་རུ་སྤྲོད་ལེན་འབད་མིའི་གྱངས་ཁ་ རྒྱ་ཆེ་དྲགས་སྦེ་ར་ ཡར་སེང་སོང་ཡོད་པའི་ མངོན་གསལ་བྱུང་ནུག།

དབང་འཛིན་གྱི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཡོངས་འབྲེལ་ཐོག་ལས་ ཏི་རུ་སྤྲོད་ལེན་འབད་མིའི་ གྱངས་ཁ་ཚུ་ ད་ལྟོ་ བསྡུ་ལེན་འབད་བའི་བསྒང་ཡོད་རུང་ འགྲུལ་སྐྱོད་བཀག་དམ་ཉིནམ་༣ པའི་ནང་འཁོད་ལུ་ དངུལ་ཀྲམ་ཐེར་འབུམ་༡.༣༧ གནས་པའི་ ཏི་རུ་སྤྲོད་ལེན་༧༨༣,༦༡༧ དེ་ཅིག་ བརྗེ་སོར་འབད་ནུག་ཟེར་ཨིན་པས།

འགྲུལ་སྐྱོད་བཀག་དམ་དང་པའི་ ཉིནམ་༣ དང་ཕྱདཔ་ད་ ད་རེས་ འགྲུལ་སྐྱོད་བཀག་ཉིནམ་༣ ནང་ ཏི་རུ་སྤྲོད་ལེན་འབད་མི་༡༧༥,༦༡༣ དེ་ཅིག་ ཡར་སེང་སོང་ཡོདཔ་ཨིན་པས།

ཏི་རུ་སྤྲོད་ལེན་གྱི་ གནས་དགོ་དེ་ཡང་ དངུལ་ཀྲམ་ས་ཡ་༩༡༠.༥༥ ཡར་སེང་སོང་ཡོད་པའི་ཁར་ མོ་བཱ་ཡེལ་ཝ་ལེཊ་ ལག་ལེན་འཐབ་མི་དེ་ཡང་༡༣,༧༧༥ ལུ་ ཡར་སེང་སོང་མི་དེ་ དངུལ་ཀྲམ་ས་ཡ་༤.༠༩ གི་རྩིས་ཨིན་པས།

དབང་འཛིན་གྱི་ སྤྲོད་ལེན་དང་  བདེ་སྒྲིག་ལམ་ལུགས་ལས་ཁུངས་ཀྱི་མདོ་ཆེན་ ཚེ་རིང་དབང་མོ་གིས་ སླབ་མིའི་ནང་ ད་རེས་ཀྱི་ གནས་སྡུད་གསརཔ་ཚུ་ བསྡུ་ལེན་འབད་ཡོད་པའི་ཁར་ འགྲུལ་སྐྱོད་བཀག་དམ་སྐབས་ གསང་རྟགས་ཀྱི་ ཉེན་སྲུང་ལུ་ གཙོ་བོར་བྱིན་ཡོདཔ་ལས་ ཨང་གནས་ཅན་གྱི་ གཡོ་སྒྱུ་རྐྱབ་མི་ མི་འཐོན་ཟེར་ཨིན་པས།

དེ་བཟུམ་སྦེ་ འགྲུལ་སྐྱོད་བཀག་དམ་ཉིནམ་༣ གྱི་ ནང་འཁོད་ལུ་ འབྲུག་གི་ཀེའུ་ཨར་གསང་རྟགས་ཐོག་ལུ་ དངུལ་ཀྲམ་ས་ཡ་༧༣.༢༩ གནས་པའི་ ཏི་རུ་སྤྲོད་ལེན་༦༡,༠༣༣ འབད་ཡོད་པའི་ཁར་ ཏི་རུ་སྤྲོད་ནིའི་ ཡོངས་འབྲེལ་བརྒྱུད་ལམ་ཐོག་ དངུལ་ཀྲམ་ས་ཡ་༡.༨ གནས་པའི་ སྤྲོད་ལེན་༣,༣༤༠ འབད་ཡོདཔ་ཨིན་པས།

དབང་འཛིན་གྱི་ སྙན་ཞུ་དང་འཁྲིལཝ་ད་ ཡོངས་འབྲེལ་ཐོག་ལས་ ཏི་རུ་སྤྲོད་ལེན་དང་ གནས་གོང་ཚུ་ ཡར་སེང་འགྱོ་ནིའི་ རེ་བ་བསྐྱེད་དོ་ཡོདཔ་ད་ གཞི་རྟེན་མཐུན་རྐྱེན་ད་ང་ གོ་བ་བརྡ་སྤྲོད་ལེགས་ཤོམ་བྱིན་ཏེ་ མི་མང་ཤོས་ཅིག་གིས་ ཡོངས་འབྲེལ་ཐོག་ལས་ སྤྲོད་ལེན་འབད་ནི་ལུ་ སེམས་ཤུགས་བསྐྱེདཔ་ཨིན་པས།

ནད་ཡམས་ཀོ་བིཌ་-༡༩ སྤེལ་ནི་ལུ་ ཉེན་ཁ་ཡོདཔ་ལས་ ཡོངས་འབྲེལ་ཐོག་ལས་ ཏི་རུ་སྤྲོད་ལེན་འབད་མི་གིས་ དངུལ་རྐྱང་དང་ དངུལ་བཏོན་འཕྲུལ་ཆས་ ལག་ལེན་འཐབ་མི་དགོ་ནི་ཨིནམ་ད་ འགྲུལ་སྐྱོད་བཀག་དམ་ཐེངས་དང་པ་ལས་ འགོ་བཙུགས་ཏེ་ ཡོངས་འབྲེལ་ཐོག་ལས་ དངུལ་སྤྲོད་ལེན་འབད་མི་དེ་ རྒྱ་ཆེ་དྲགས་སྦེ་ར་ ཡར་སེང་སོང་ནུག་ཟེར་ དབང་འཛིན་གྱིས་བཀོད་ནུག།

འགྲུལ་སྐྱོད་བཀག་དམ་ཉིནམ་༣ པའི་ནང་འཁོད་ལུ་ སྤྱིར་བཏང་ནང་འཁོད་ལུ་ དངུལ་ཀྲམ་ཐེར་འབུམ་༢.༢༦༣ གནས་པའི་ བརྗེ་སོར་༨༢༡,༨༡༦ འབད་ཡོདཔ་ད་ བརྒྱུད་འཕྲིན་ཐོག་ལས་ དངུལ་ཀྲམ་ཐེར་འབུམ་༡.༣༧ གནས་པའི་ དངུལ་སྤྲོད་ལེན་འབད་ནུག།

དབང་འཛིན་དང་འཁྲིལཝ་ད་ འགྲུལ་སྐྱོད་བཀག་དམ་ཐེངས་དང་པ་ འབད་མི་ལས་ འགོ་བཙུགས་ཏེ་ འབྲུག་བརྒྱུད་འཕྲིན་ཚད་དང་ དངུལ་འབྲེལ་གཙུག་སྡེ་ཚུ་གིས་ བརྒྱུད་འཕྲིན་ཐོག་ལས་ དངུལ་སྤྲོད་ལེན་འབད་མི་གསརཔ་༦༢,༦༠༠ དང་ ཨི-ཝ་ལེཊ་གི་ ཞབས་ཏོག་དོན་ལུ་༡༤,༩༢༣ དེ་ཅིག་ ཐོ་བཀོད་འབད་ནུག།

མི་ཚུ་གིས་ བརྒྱུད་འཕྲིན་དང་ ཡོངས་འབྲེལ་ཐོག་ལས་ དངུལ་སྤྲོད་ལེན་འབད་མི་གིས་ ད་རེས་གནས་སྟངས་ལུ་ ལྷན་ཐབས་འབྱུང་ཚུགས་པའི་ རེ་བ་ཡོད་མི་དེ་ཡང་ ཚོང་མགྲོན་པ་ཚུ་གིས་ ཉེར་མཁོའི་ཅ་ཆས་ཚུ་ ཉོ་བའི་སྐབས་ གཅིག་གིས་གཅིག་གི་བར་ན་ ས་སྟོང་བཞག་ནིའི་ བྱ་རིམ་ཚུ་ ལག་ལེན་འཐབ་མི་ལུ་བརྟེན་ཨིན་པས།

འགྲུལ་སྐྱོད་བཀག་དམ་སྐབས་ ཉེར་བར་མཁོ་བའི་ དངུལ་འབྲེལ་ཞབས་ཏོག་ཚུ་ བར་ཆད་མེད་པར་ ཕུལ་ཐབས་ལུ་ དབང་འཛིན་གྱིས་ དུས་ཡུན་ཆུ་ཚོད་༢༤ འི་ནང་འཁོད་ལུ་ བཀོད་རྒྱ་གཏང་ནིའི་ ཞབས་ཏོག་ལྟེ་བ་ཅིག་ཡང་ གཞི་བཙུགས་འབད་དེ་ཡོདཔ་ཨིན་པས།

དངུལ་འབྲེལ་ཞབས་ཏོག་བྱིན་མི་ཚུ་གིས་ ཁོང་རའི་ ཞབས་ཏོག་ལྟེ་བ་དང་ ལག་ལེན་འཐབ་དགོཔ་སྦེ་ གསལ་བསྒྲགས་འབད་བའི་ཁར་ འགྲུལ་སྐྱོད་བཀག་དམ་སྐབས་ ཡོངས་འབྲེལ་ཐོག་ལས་ དངུལ་འབྲེལ་ཞབས་ཏོག་ཚུ་ ཐོབ་ཚུགསཔ་ངེས་བརྟན་ བཟོ་འོང་ཟེར་ བཀོད་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

སོ་ནམ་ཞིང་ལམ་ལག་ལེན་འཐབ་མི་ཚུ་ལས་ སྤྱོད་འཐུས་བསྡུ་ནི་ལུ་ཐེ་ཚོམ།

༉ སོ་ནམ་ཞིང་ལམ་ཚུ་ ཤིང་དང་ བྱེམ་ལ་སོགས་པ་ བཏོན་ནིའི་དོན་ལུ་ སྣུམ་འཁོར་ཆེ་བ་ཚུ་ ལག་ལེན་འཐབ་པའི་སྐབས་ སྤྱོད་འཐུས་བསྡུ་ནི་དེ་ ཟུར་ཁྲིམས་ནང་རྐྱངམ་གཅིག་ དོན་ཚན་སྦེ་ ཚུད་དེ་ཡོདཔ་ལས་ ས་གནས་གཞུང་གིས་ བསྟར་སྤྱོད་ འབད་ནི་ལུ་ ཐེ་ཚོམ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *