མི་མང་གི་ སྐྱེལ་འདྲེན་ལམ་ལུགས་ ལེགས་བསྒྱུར་འབད་དགོཔ་གལ་ཅན།

༉ འབྲུག་འདི་ སྐོབས་ཚུད་ཅན་གྱི་ རྒྱལ་ཁབ་ཅིག་འབདཝ་ལས་ མི་མང་སྐྱེལ་འདྲེན་ལམ་ལུགས་ ཡར་དྲག་གཏང་ནི་གི་ འོས་འབབ་མེདཔ་ཨིན་ན?
ད་རུང་ རྒྱལ་ཁབ་ནང་ གོང་འཕེལ་གྱི་ ལས་སྣ་དང་ འཁོར་ལམ་སེལ་ནི་ཚུ་ ཕྱིས་སུ་ཅིག་ལས་ འགོ་མ་བཙུགསཔ་ལས་ དེང་སང་འགྲུལ་སྐྱེལ་མཐུན་རྐྱེན་གོང་འཕེལ་གཏང་ནི་ལུ་ གཙོ་རིམ་མ་བཟུང་ནི་དེ་གིས་ཨིན་ན?
ད་རེས་ དྲི་བ་དེ་ཚུ་ བཀོད་བཞིན་དུ་ཡོད་མི་དེ་ཡང་ འབྲུག་གི་མི་མང་སྐྱེལ་འདྲེན་ལམ་ལུགས་ ཚུལ་ལྡན་མེད་མི་ལུ་བརྟེན་ཨིན་མས།
མ་གཞི་ རྒྱལ་ཁབ་ནང་འཁོད་ རྒྱུན་འགྲུལ་འཐབ་ནིའི་དོན་ལུ་ ས་གནས་ཐདམ་ཐད་ཁ་ལས་ཕར་ མི་མང་སྐྱེལ་འདྲེན་ཞབས་ཏོག་ཚུ་ གཞི་བཙུགས་འབད་དེ་ཡོད་རུང་ ཁྲོམ་སྡེ་རྒྱ་སྐྱེད་འགྱོ་བའི་བསྒང་ཡོད་མི་ཚུ་ནང་ མི་མང་སྐྱེལ་འདྲེན་དང་འབྲེལ་བའི་ གདོང་ལེན་བྱུང་སྟེ་ཡོད་པའི་ཁར་ ལོ་༡ དང་༢ ཀྱི་རྒྱབ་ལས་ ལྷག་པར་དུ་ གནས་སྟངས་སྐྱོ་དྲགས་འགྱོ་ནི་གི་ འོས་འབབ་སྦོམ་འདུག།
གཞུང་གི་དབུ་ཁྲིདཔ་ཚུ་གིས་ དཀའ་ངལ་སེལ་ཐབས་འབད་ནིའི་སྐོར་ འཕྲལ་འཕྲལ་ར་ ལོ་རྒྱུས་སླབ་ནི་ཡོད་རུང་ གྲུབ་འབྲས་བཏོན་ནི་མེད་པའི་ཁར་ ད་རེས་ རྒྱལ་ཡོངས་སྐྱེལ་འདྲེན་སྲིད་བྱུས་ཅིག་ གྲ་སྒྲིག་སོང་ཡོད་རུང་ ཡིག་སྣོད་ནང་ དེ་སྦེ་ར་བཞག་སྟེ་ ཐལཝ་ཆགས་ཡོདཔ་ཨིན་མས།
རྒྱལ་ཡོངས་སྲིད་བྱུས་དང་འཁྲིལ་བ་ཅིན་ མི་སེར་ཚུ་ལུ་ ཉེན་སྲུང་ལྡན་པའི་ སྐྱེལ་འདྲེན་ལམ་ལུགས་ བརྟན་ཏོག་ཏོ་དང་ ག་ར་གིས་ ཞབས་ཏོག་སྤྱོད་ཚུགསཔ་ བྱ་སྟབས་བདེ་དྲགས་ ཟད་འགྲོ་འཇམ་ཞིང་ མཐའ་འཁོར་གནས་སྟངས་དང་མ་མཐུནམ་སྦེ་ མཁོ་སྤྲོད་ཐོག་ རྒྱལ་ཁབ་ཀྱི་ མི་སྡེ་དཔལ་འབྱོར་གོང་འཕེལ་ལུ་ ལྷན་ཐབས་འབད་ནི་དེ་ཨིན་རུང་ ལག་ལེན་འཐབ་སར་ མི་མཐོངམ་མས།
རྒྱལ་ས་ལྟེ་བའི་ཁྲོམ་སྡེ་ ཐིམ་ཕུག་བཟུམ་ཅིག་ལུ་ དཔེ་བཞག་པ་ཅིན་ སྣུམ་འཁོར་མང་དྲགས་པའི་སྟབས་ཀྱིས་ ཁྲོམ་སྡེའི་ནང་ སྡོད་མི་ཚུ་ལུ་ དབུགས་བསུབ་ཁག་ཁ་ཅིག་ལུ་ གྱུར་ཏེ་ཡོད་པའི་ཁར་ རྒྱུན་འགྲུལ་བཀག་ཐོགས་ཀྱི་ དཀའ་ངལ་ལུ་བརྟེན་ ཙིག་མུ་ལང་དགོཔ་བྱུངམ་ཨིན་རུང་ འབད་ཐབས་ཅིག་ ག་ནི་ཡང་མིན་འདུག།
འཕྲལ་གྱི་གནས་ཐོ་དང་འཁྲིལཝ་ད་ རྒྱལ་ཁབ་ནང་ སྣུམ་འཁོར་གྱི་གྱངས་ཁ་༡༠༤,༩༦༣ གུ་ ལྷོད་ཡོད་མི་ལས་ སྤྱི་ལོ་༢༠༡༩ འི་ལོ་ཕྱེད་དང་པའི་ནང་ར་ འབྲུག་གིས་ སྣུམ་འཁོར་༣,༢༧༠ ནང་འདྲེན་འབད་ཡོདཔ་ད་ རྒྱལ་ཁབ་ཀྱི་ སྣུམ་འཁོར་ཡོངས་བསྡོམས་ལས་ བརྒྱ་ཆ་༣༠ དེ་ཅིག་ ཐིམ་ཕུག་ལུ་ཡོདཔ་ཨིན་མས།
སྣུམ་འཁོར་མང་དྲགསཔ་ད་ དེ་དང་བསྟུན་པའི་ ཐུག་རྐྱེན་ཡང་ མང་སུ་བྱུང་དོ་ཡོདཔ་ད་ དུས་ཅི་སྤྱི་ཟླ་༨ པའི་ཚེས་༣༡ ཚུན་ཚོད་ སྣུམ་འཁོར་གྱི་རྐྱེན་ངན་༣༡,༩༧༨ བྱུང་མི་དེ་ རྣམ་རྟོག་ལང་སི་སི་ཅིག་ཨིན་མས།
གནས་སྟངས་དེ་ཚུ་ལུ་བལྟཝ་ད་ ཁྲོམ་སྡེ་ཚུ་ནང་ སྐྱེལ་འདྲེལ་ལམ་ལུགས་ ལེགས་ལྡན་བཟོ་ཐོག་ལས་ ནམ་རང་འགྱོ་རུང་ འགྲུལ་སྐྱེལ་བཱསི་ ཐོབ་ཆོག་ཆོ་ཡོད་པ་ཅིན་ མི་ཚུ་གིས་ རང་བཞིན་གྱིས་ར་ བཱསི་ཚུ་ནང་ རྒྱུན་འགྲུལ་འཐབ་ནི་གི་ གདམ་ཁ་རྐྱབ་ནི་ཨིནམ་ལས་ རང་སོའི་སྣུམ་འཁོར་བདའ་ནི་དེ་ རང་བཞིན་གྱིས་ར་ མར་འབབ་འགྱོ་འོང་།

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *