མི་མང་གི་ མཐའ་དོན་ལུ་དམིགས་ཏེ་ གཙོ་རིམ་བཟུང་དགོཔ།

༉ ཐིམ་ཕུག་ཁྲོམ་སྡེ་གིས་ གསལ་བསྒྲགས་འབད་མི་དང་འཁྲིལཝ་ད་ ཐིམ་ཕུག་ཚེས་བཅུ་འགྲོལ་བའི་ཤུལ་ལས་ ནོར་འཛིན་ལམ་བདའ་སྟེ་ སྣུམ་འཁོར་བཞག་མ་ཆོགཔ་སྦེ་ཨིན་རུང་ འགྲུལ་པ་གཏོན་ནི་དང་ བཙུགས་ནིའི་དོན་ལུ་ དུས་ཡུན་སྐར་མ་༥ བཀག་ཆོག་མི་དེ་ཡང་ མི་མང་གི་ མཐའ་དོན་ལུ་དམིགས་ཏེ་ཨིན་མས།
དེ་ཡང་ གྲོས་ཐག་མ་བཅད་པའི་ཧེ་མར་ ཚོང་པའི་འཐུས་མི་དང་ སྡོད་ཁྱིམ་པ་ དེ་ལས་ གླ་འཁོར་ཚོགས་པ་ཚུ་གིས་ ཁྲོམ་སྡེའི་འཆར་གཞི་ བཤོལ་བཅུག་ནིའི་དོན་ལས་ དབང་འཛིན་ཚུ་ལུ་ ཞུ་གཏུགས་འབད་ནི་ཨིནམ་ད་ མ་གཞི་ ཁོང་ཆ་ཁྱབ་ཀྱིས་ བློན་པོ་ཚུ་འབད་སར་ བཅར་ཡོདཔ་མ་ཚད་ ཁོང་གི་ཚོང་འབྲེལ་ལུ་ གནོད་ནི་ཨིན་པའི་ ཉེན་བརྡ་ཡང་འབད་ནུག།
ཁྲོམ་སྡེ་གིས་ སྤྱིར་བཏང་མི་མང་གི་མཐའ་དོན་ལུ་ ནོར་འཛིན་ལམ་བདའ་སྟེ་ སྣུམ་འཁོར་གྱི་ རྒྱུན་འགྲུལ་མེད་པར་ རྐང་འགྲུལ་དོན་ལུ་ སྟབས་བདེ་ཏོག་ཏོ་བཟོ་ནིའི་ དམིགས་གཏད་བཟང་པོ་བསྐྱེད་མི་དེ་ གལ་སྲིད་ མཐར་འཁྱོལ་ཅན་སྦེ་ ལག་ལེན་འཐབ་ཚུགས་པ་ཅིན་ ངལ་རངས་བསྐྱེད་པའི་ གཞི་གནད་ཅིག་ འོང་ནི་ཨིན་མས།
ཚོང་པ་དང་ གླ་འཁོར་ཚོགས་པ་དེ་ རྒྱུད་བསྐུལ་འབད་ཚུགས་པའི་ ནུས་ཤུགས་ཅན་གྱི་ སྡེ་ཚན་ཅིག་ཨིནམ་ལས་ ཁོང་གིས་ ག་དེ་སྦེ་ ཆ་མེད་གཏང་ནི་ཨིན་ནའི་ ཐབས་ལམ་ཚུ་ ཤེས་རྟོགས་ཡོདཔ་ད་ ཁོང་གིས་ བརྡ་དོན་དང་བརྒྱུད་འབྲེལ་བློན་པོ་འབད་སར་ མ་བཅར་བར་ ཐད་ཀར་དུ་ བྱང་ཐིམ་ཕུག་གི་ བཙག་འཐུ་ལས་གྲུབ་པའི་འདེམས་ངོ་ གསོ་བའི་བློན་པོ་ལུ་ ཞུ་གཏུགས་འབད་ཐངས་ལུ་ལྟཝ་ད་ ནང་དོན་གསལ་སྟོན་འབད་ཡོདཔ་ད་ མ་གཞི་ ཚོང་པ་མང་ཤོས་ར་ མོ་ལུ་ ཚོགས་རྒྱན་བཙུགས་མི་མེན་རུང་ ཁོང་རའི་ བཙག་འཐུ་ལས་གྲུབ་མི་ དབུ་ཁྲིདཔ་ཅིག་ཨིན་མས།
གསོ་བའི་བློན་པོ་མོ་ར་ ཚོང་པའི་མི་སྡེའི་ ངོ་ཚབ་ཅིག་ཨིན་རུང་ གནད་དོན་འདི་གི་ཐད་ཁར་ མོ་རའི་ཁ་ཐུག་ལས་འབད་རུང་ དྲན་བཏོན་དབྱེ་དཔྱད་ཐོག་ལས་ ངོས་ལེན་འབད་དོ་འོང་།
ཐིམ་ཕུག་ནང་འཁོད་ ས་ཁོངས་སྟོངམ་ གངམ་མེད་མི་དང་བསྟུན་ ཁྲོམ་ལམ་ངོ་མའི་ནང་ མི་སྤུངས་འཛོམས་དང་ ས་གོ་དོག་དྲགས་ ཐ་ན་ ས་གནས་ཀྱི་ མི་ཚུ་གི་མིག་ཁར་ཡང་ མ་འཇའ་སི་སི་སྦེ་ མཐོང་དོ་ཡོདཔ་ལས་ སྤྱིར་བཏང་མི་མང་གི་མཐའ་དོན་ལུ་ ནོར་འཛིན་ལམ་ཁར་ སྣུམ་འཁོར་མེདཔ་སྦེ་ བཟོཝ་ཨིན་མས།
ཕྱི་ཁར་འབད་བ་ཅིན་ ཁྲོམ་སྡེ་ལེ་ཤ་ཅིག་ར་ རྐང་འགྲུལ་པ་རྐྱངམ་གཅིག་གི་དོན་ལུ་ བཟོ་དགོ་མི་དེ་ཡང་ སྣུམ་འཁོར་གྱི་འུར་བྱེལ་མེད་པར་ ལམ་འགྱོཝ་དང་འབྲེལ་ ཚོང་ཉོ་ནི་དང་ ཆ་རོགས་ཚུ་དང་འཕྱད་ནི་ དེ་ལས་ སྒྱུ་རྩལ་མཁནམ་ཚུ་གིས་ ཁོང་རའི་ ལཱ་དང་རིག་རྩལ་ཚུ་ འགྲེམ་སྟོན་འབད་ནིའི་དོན་ལུ་ ཨིན་མས།
གལ་སྲིད་ ནོར་འཛིན་ལམ་བདའ་སྟེ་ སྣུམ་འཁོར་གྱི་རྒྱུན་འགྲུལ་མེད་པ་ཅིན་ ལྷག་པར་དུ་ ཚོང་ཉོ་མི་མང་སུ་སྦེ་ འོང་ནི་ཨིན་པའི་ཁར་ ཨ་རྟག་བཟུམ་སྦེ་ སྣུམ་འཁོར་གྱི་བཞག་འཐུས་ཡང་ མངམ་སྦེ་སྤྲོད་མ་དགོ་པའི་ ཁེ་ཕན་འདུག།
ཁྲོམ་སྡེ་གིས་འབད་རུང་ ཚོང་པ་ཚུ་ འདྲོག་བྱེལ་འཐབ་དགོ་པའི་གནད་དོན་དེ་ གང་མགྱོགས་སེལ་ཐབས་འབད་ཞིནམ་ལས་ ནོར་འཛིན་ལམ་དེ་ དཔེ་སྟོན་བཟུམ་ཅིག་སྦེ་ བཟོ་དགོཔ་འདུག།
ཁྲོམ་སྡེ་གིས་ ཐིམ་ཕུག་ཚེས་བཅུའི་སྐབས་ ནོར་འཛིན་ལམ་ཁར་ སྣུམ་འཁོར་ཚུ་གི་ རྒྱུན་འགྲུལ་བཀག་ཆ་འབདཝ་ད་ དང་པ་ སྤྱིར་བཏང་མི་མང་གི་དོན་ལུ་ ས་ཁོངས་གོ་ཡངས་དྲགས་སྦེ་ བཟོ་ཚུགས་པ་གིས་མ་ཚད་ གཉིས་པ་ཟེརཝ་ད་ ཚོང་པ་ཚུ་གིས་ ཨ་རྟག་དང་མ་འདྲ་བའི་ འོང་འབབ་འབོར་ཆེ་ཏོག་ཏོ་ བཟོ་ཚུགས་དོ་ཡོདཔ་ལས་ དེ་བཟུམ་མའི་ གྲོས་ཐག་བཅད་མི་དེ་གིས་ མཐའན་མཇུག་ཁར་ ག་ལུ་ཕན་ཐོགས་འབྱུང་དོ་ཡོདཔ་ཨིན་ན་ ང་བཅས་ར་ བསམ་ཞིབ་མཐིལ་ཕྱིན་འབད་དོགཔ་འདུག།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *