མི་ནག་ཚོང་འཐབ་ནིའི་དཔའ་བཅམ་མི་ ཨམ་སྲུ་༣ ལུ་ བཙོན་ཁྲིམས་བཀལ་ཡོདཔ།

༉ ཐིམ་ཕུག་རྫོང་ཁག་ཁྲིམས་འདུན་གྱིས་ ཨམ་སྲུ་གསུམ་ལུ་ འབྲུག་མི་ཕྱི་རྒྱལ་ཁབ་ནང་ ནག་ཚོང་འཐབ་ནི་ནང་ འབྲེལ་བ་ཡོད་མི་ལུ་བརྟེན་ ཉེས་ཁྲིམས་བཀལ་ཡོདཔ་ཨིན་པས།

སྤྱི་ཟླ་༦ པའི་ཚེས་༢ ལུ་བཏོན་མི་ འཁྲུན་ཆོད་དང་འཁྲིལཝ་ད་ སྐྱེས་ལོ་༣༨ དང་༤༦ དེ་ལས་༢༣ འབད་མི་ཨམ་སྲུ་༣ སྤྱི་ལོ་༢༠༡༨ ཀྱི་ཟླཝ་༦ པའི་ནང་ རྒྱ་གར་གྱི་མངའ་སྡེ་ མཱོམ་བ་ཡེ་གི་ ཁྲིམས་སྲུང་འགག་པ་གིས་ ཤྲི་ལངྐའི་ལས་སྡེ་ངོ་ཚབ་ཅིག་ གིས་ འབྲུག་པའི་ཨམ་སྲུ་༣ ཤྲི་ལངྐ་ལུ་འཕུར་འགྲུལ་འབད་ནིའི་ དཔའ་བཅམ་སྡོད་པའི་སྐབས་ སྲོག་སྐྱབས་འབད་བའི་ཤུལ་ལས་ འཛིན་བཟུང་འབད་ཡོདཔ་ཨིན་པས།

གནད་དོན་དེ་ཡང་ ནིའུ་ལྡེ་ལི་ལུ་ཡོད་མི་ འབྲུག་གི་གཞུང་ཚབ་ཡིག་ཚང་གིས་ ཤེས་རྟོགས་བྱུང་བའི་ཤུལ་ལས་ འཛིན་བཟུང་འབད་ཡོདཔ་ཨིན་པས།

ཉེས་འཛུགས་ཅན་༣ གྱི་གྲས་ལས་ སྐྱེས་ལོ་༣༨ ལང་མི་ ཟླ་བ་སྒྲོལ་མ་དེ་ ཀྲོང་གསར་ལས་ཨིནམ་ད་ སྐྱེས་ལོ་༤༦ ལང་མི་ ཚེ་རིང་བཟངམོ་དེ་ ཐིམ་ཕུག་དང་ སྐྱེས་ལོ་༢༣ ལང་མི་ རྟ་མགྲིན་དབང་མོ་དེ་ བཀྲིས་གཡང་རྩེ་ལས་ཨིནམ་བཞིན་དུ་ ཁོང་ཆ་ཁྱབ་ ཉེས་འཛུགས་ཐོག་ལས་ བཙོན་ཁྲིམས་བཀལ་ཡོདཔ་ཨིན་པས།

ཟླ་བ་སྒྲོལ་མ་དེ་ མི་ནག་ཚོང་འཐབ་པའི་ཉེས་འཛུགས་ཐོག་ སྤྱི་ལོ་༢༠༢༠ ཟླ་༡ པའི་ཚེས་༢༦ ལུ་ འཛིན་བཟུང་འབད་ཡོདཔ་ད་ མོ་ལུ་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་༢༠༠༤ གི་དོན་ཚན་༡༥༥ ལྟར་ མི་ནག་ཚོང་འཐབ་པའི་ ཉེས་འཛུགས་ཐོག་ དབྱེ་རིམ་༤ པའི་ བཙོན་ཁྲིམས་བཀལ་ཡོདཔ་ཨིན་པས།

མོ་ལུ་ ཞི་རྩོད་དང་ཉེས་རྩོད་བྱ་བའི་གནོད་སྤྱོད་ཀྱི་ དོན་ཚན་༢༡༡ ལྟར་ བཙོན་ཁྲིམས་ལོ་༣ བཀལ་ཡོད་མི་དེ་ མོ་རང་ འཛིན་བཟུང་འབད་དེ་ དོ་དམ་ནང་ ལོ་༡ དང་ཟླཝ་༤ ཉིན་གྲངས་༡༨ སྡོད་མི་དེ་ ཕབ་ཆག་འབད་དེ་ ལྷག་ལུས་སྡོད་དགོ་ནི་ཨིན་པས།

ཉེས་འཛུགས་ཅན་ རྟ་མགྲིན་དབང་མོ་ལུ་ ཉེས་འཛུགས་ཁག་༤ བཀལ་མི་དེ་ཡང་ མི་ནག་ཚོང་འཐབ་མི་དང་ གཞན་མི་ཉེས་འཛུགས་༣ དེ་ མི་ནག་ཚོང་འཐབ་ནིའི་ དཔའ་བཅམ་པའི་ ཉེས་འཛུགས་འབད་ཡོདཔ་ཨིན་པས།

འཁྲུན་ཆོད་དང་འཁྲིལཝ་ད་ མོ་གིས་ མི་ནག་ཚོང་འཐབ་མི་ལུ་ བཙོན་ཁྲིམས་ལོ་༣ དང་ ནག་ཚོང་འཐབ་ནིའི་ དཔའ་བཅམ་ ཡོད་མི་ལུ་ བཙོན་ཁྲིམས་ལོ་༡ དང་ཟླཝ་༦ བཀལ་ཡོདཔ་ཨིན་པས།

མོ་རང་ དོ་དམ་ནང་ ལོ་༡ དང་ཟླཝ་༣ ཞག་གྲངས་༢༤ སྡོད་ཡོདཔ་ལས་ ལྷག་ལུས་བཙོན་ཁྲིམས་འབག་དགོ་ནི་ཨིནམ་ད་ མོ་རང་ སྤྱི་ལོ་༢༠༢༠ ཟླ་༢ པའི་ཚེས་༡༤ ལུ་ འཛིན་བཟུང་འབད་ནུག།

ཞི་རྩོད་དང་ཉེས་རྩོད་བྱ་བའི་གནོད་སྤྱོད་ཀྱི་ དོན་ཚན་༡༩༨ དང་འཁྲིལ་ ཉེས་འཛུགས་ཅན་ཚུ་གིས་ ཉམས་རྒུདཔ་ཚུ་ལུ་ དངུལ་ཀྲམ་༣,༠༠༠ རེ་ བྱིན་དགོཔ་ཨིན་པས།

ཉེས་འཛུགས་ཅན་༣ པ་ ཚེ་རིང་བཟང་མོ་ལུ་ ཉེས་འཛུགས་ཁག་༢ བཀལ་མི་ལས་ དང་པ་དེ་ བྱ་ངན་དེ་ལུ་ སྡོང་གྲོགས་དང་ ཆ་རོགས་འབད་མི་དང་ ཉེས་ལས་སྙན་ཞུ་མ་འབད་བའི་ ཉེས་འཛུགས་འབད་ཡོདཔ་ཨིན་པས།

མོ་ལུ་ སྤྱི་ལོ་༢༠༠༤ ལོའི་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ཀྱི་ དོན་ཚན་༡༢༥ དང་འཁྲིལ་ བྱ་ངན་འབད་མི་ལུ་ ཕན་གྲོགས་ དང་ སྡོང་གྲོགས་འབད་བའི་ ཉེས་ཁྲིམས་ཕོག་ཟེར་ཨིན་པས།

ཉེས་འཛུགས་དེ་ལུ་ མོ་རང་ བཙོན་ཁྲིམས་ལོ་ཕྱེད་དང་༢ ཕོག་ཡོད་མི་དེ་ དོ་དམ་ནང་སྡོད་མི་བརྩིཝ་ད་ ལྷག་ལུས་ ཟླཝ་༩ དང་ ཞག་གྲངས་༡༩ ལས་ སྡོད་མི་དགོ་ནི་ཨིནམ་ད་ མོ་ཡང་ སྤྱི་ལོ་༢༠༢༠ ཟླ་༢ པའི་ཚེས་༡༤ ལུ་ འཛིན་བཟུང་འབད་ནུག།

མོ་གིས་ བྱ་ངན་དེའི་སྐོར་ལས་ཤེས་རུང་ སྙན་ཞུ་མ་འབད་མི་ལུ་བརྟེན་ གཞུང་ལུ་ དངུལ་ཀྲམ་༣,༧༥༠ སྤྲོད་དགོ་པའི་ཁར་ ཉེས་འགེལ་ཁྲིམས་དེབ་ཀྱི་དོན་ཚན་༡༤ དང་འཁྲིལཝ་ད་ ཉེས་འགེལ་དེ་ལུ་ རྒྱལ་ཡོངས་ལས་མིའི་གླ་ཆ་ ཉིན་གྲངས་༩༠ གི་རྩིས་ ཕོག་ནི་ཨིན་པས།

རྩོད་གཞི་དེ་ ན་ཧིང་ སྤྱི་ཟླ་༥ པའི་ཚེས་༡ ལུ་ ཁྲིམས་སྲུང་འགག་སྡེ་གིས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ བཏང་ཡོད་རུང་ ལོག་སྟེ་ཞིབ་དཔྱད་འབད་དགོཔ་སྦེ་ ཁྲིམས་སྲུང་འགག་སྡེ་ལུ་ བཏང་ཡོདཔ་ད་ ཁྲིམས་སྲུང་འགག་སྡེའི་ འགོ་དཔོན་ཚུ་དང་འཁྲིལཝ་ད་ ཉེས་འཛུགས་ཅན་ཅིག་དེ་ ན་ཧིང་ ཨི་རག་ལས་ འབྲུག་པའི་ཨམ་སྲུ་༡༠༠ ལྷགཔ་ཅིག་ སྲོག་སྐྱབས་འབད་མིའི་གྲས་ཁར་ ཨམ་སྲུ་༤༤ བཏང་ཡོད་མི་ རྩོད་བཤེར་ནང་ཡང་ འབྲེལ་བ་ཡོདཔ་ཨིན་པས།

ཨམ་སྲུ་དེ་ཚུ་ག་ར་ ཁྲིམས་འགལ་ཐོག་ལས་ བཏང་ཡོདཔ་ལས་ གཞུང་གིས་ བར་འཛུལ་འབད་དེ་ ཏི་རུ་སྤྲོད་ཐོག་ལས་ ལོག་སྟེ་རྒྱལ་ཁབ་ནང་ ཁྱིད་འོང་ཡོདཔ་ཨིན་པས།

ཉེས་འཛུགས་ཅན་ ཟླ་བ་སྒྲོལ་མ་དེ་ ཞི་བའི་རྩོད་བཤེར་ཅིག་ནང་ཡང་ འབྲེལ་བ་ཡོདཔ་ལས་ བྲོས་ཟུར་འབད་དེ་ རྒྱ་གར་གྱི་རྒྱལ་ས་ ནིའུ་ལྡེ་ལི་ལུ་ སོང་ཡོད་རུང་ ཁྲིམས་སྲུང་འགག་སྡེ་གིས་ འཛིན་བཟུང་འབད་ཚུགས་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

བོང་ཟམ་ཚུན་ འཁོར་ལམ་བསལ་ཡོད་རུང་ ཟམ་མེདཔ།

༉ ཀྲོང་གསར་ ནུབ་སྦིས་རྒེད་འོག་ལྟེ་བ་ལས་ ཆུའི་ཕར་ཁ་དང་ ཚུར་ཁར་སྡོད་མི་ཚུ་ རྒེད་འོག་ལྟེ་བའི་ནང་འོང་པའི་སྐབས་ སྟབས་བདེ་ཏོག་ཏོ་བཟོ་ནིའི་དོན་ལུ་ བསྐོར་ལམ་མཐུད་སྦྲེལ་འབད་ནི་དེ་ བོང་ཟམ་ཚུན་ བསལ་ཡོདཔ་ཨིན་རུང་ མང་སྡེ་ཆུའི་གུ་ལས་ ཟམ་མེདཔ་ཨིན་པས། ཟམ་བཟོ་སྐྲུན་འབད་བའི་ཤུལ་ལས་ མང་སྡེ་ཕུག་དང་ ལྗོངས་ཐང་ …

Leave a Reply

Your email address will not be published. Required fields are marked *