མི་ནག་ཚོང་གི་ གདོང་ལེན་འབད་ཐབས་ལུ་ ཁྲིམས་དོན་སྦྱོང་བརྡར་བྱིན་ཡོདཔ།

༉ མི་ནག་ཚོང་ལུ་བརྟེན་ ཉམས་རྒུད་བྱུང་མི་ ངོ་རྐྱང་ཚུ་གི་ འགྲོ་བ་མིའི་དབང་ཆ་ ཡར་དྲག་གཏང་ནི་དང་ ཁོང་གི་དགོས་མཁོ་ཚུ་བསྒྲུབ་ནི་ དེ་ལས་ དེ་བཟུམ་མའི་ བྱ་ངན་ཚུ་གི་ ཁྲིམས་འགལ་ལམ་ལུགས་ གཞི་བཙུགས་འབད་ནིའི་དོན་ལུ་ འབྲུག་རྒྱལ་ཡོངས་ཁྲིམས་དོན་གཙུག་སྡེ་གིས་ བཀའ་ཁྲིམས་ལས་ཁུངས་དང་ མཉམ་འབྲེལ་ཐོག་ལས་ སྦྱོང་བརྡར་ལས་རིམ་ཅིག་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།

སྦྱོང་བརྡར་དེ་ནང་ དྲང་དཔོན་༡༣ དང་ ཁྲིམས་དོན་འགོ་དཔོན་༩ གིས་ གྲལ་གཏོགས་འབད་ཡོདཔ་ཨིན་པས།

བཅའ་མར་གཏོགས་མི་ཚུ་གིས་ མི་ནག་ཚོང་འཐབ་པའི་ གནད་དོན་དང་ ཉམས་རྒུདཔ་ཚུ་ ངོས་འཛིན་འབད་ནི་ དེ་ལས་ མི་ནག་ཚོང་གི་ བྱ་ངན་བཀག་ནིའི་ ཁྲིམས་ལུགས་ཚུ་ རྒྱལ་ཡོངས་ཀྱི་ཁྲིམས་དང་ རྒྱལ་སྤྱིའི་གནས་ཚད་དང་འཁྲིལ་ ལག་ལེན་འཐབ་ཐངས་ ལྷབ་སྦྱང་འབད་ཡོདཔ་ཨིན་པས།

མི་ནག་ཚོང་འཐབ་པའི་ གནད་དོན་ཚུ་ རྒྱལ་ཁབ་ནང་ གནས་སྟངས་ཚབས་ཆེན་ཅིག་ལུ་ འགྱུར་དོ་ཡོདཔ་སྦེ་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།

ན་ཧིང་ བརྡ་བརྒྱུད་སྙན་ཞུ་དང་འཁྲིལཝ་ད་ མ་གཞི་ རྒྱལ་སྤྱི་དང་ རྒྱལ་ཁབ་ནང་འཁོད་ནང་ མི་ནག་ཚོང་འཐབ་པའི་ གནད་དོན་ཚུ་ ཐོ་བཀོད་འབད་བའི་ གྱངས་ཁ་ཡར་སེང་སོང་ཡོད་རུང་ སྤྱི་ལོ་༢༠༠༧ ལས་༢༠༡༨ ཀྱི་བར་ན་ གནད་དོན་ཁག་༡༡ མ་གཏོགས་ བདའ་མ་ཟུནམ་ཨིན་པས།

དེ་བཟུམ་སྦེ་ ན་ཧིང་འབད་བ་ཅིན་ འབྲུག་པའི་ཨམ་སྲུ་༡༦༠ ཁྲིམས་འགལ་ཐོག་གི་ འབྲུག་གི་ལཱ་གཡོག་ལས་སྡེ་ཚུ་གིས་ ཨི་རག་ལུ་ ནག་ཚོང་འཐབ་ཡོདཔ་ཨིན་པས།

གནས་ཚུལ་གསར་བཏོན་དང་འཁྲིལཝ་ད་ ད་ལྟོ་ཚུན་ དེ་བཟུམ་མའི་ གནད་དོན་ཚུ་ བདག་འཛིན་འཐབ་ནིའི་དོན་ལུ་ ཚད་ལྡན་ཐབས་རིག་དང་ གོ་བརྡ་ དེ་ལས་ ཁྱད་རིག་ཚུ་མེད་པའི་ དཀའ་ངལ་བྱུང་ཡོདཔ་ལས་ ཁྱད་རིག་ཅན་གྱི་ མི་སྟོབས་གོང་འཕེལ་གཏང་དགོཔ་དགོཔ་ཡོད་ཟེར་ཨིན་པས།

ལས་སྡེ་སྣ་ཚོགས་ མཉམ་འབྲེལ་ཐོག་ལས་ མི་ནག་ཚོང་འཐབ་ནི་དེ་ བཀག་ནིའི་དོན་ལུ་ སྦྱོང་བརྡར་ལས་རིམ་དེ་ འཛམ་གླིང་སྤྱི་ཚོགས་སྨྱོ་རྫས་དང་ ཁྲིམས་འགལ་ཡིག་ཚང་གིས་ རྒྱབ་སྐྱོར་འབད་ཡོདཔ་ཨིན་པས།

མི་ཚུ་ དེ་བཟུམ་མའི་ ཁྲིམས་འགལ་གྱི་ བྱ་ངན་ཚུ་ལས་ ཉེན་སྲུང་དང་ ཉེན་སྐྱོབ་འབད་དགོཔ་དེ་ ཁག་ཆེ་དྲགས་ཅིག་ལུ་ གྱུར་ཏེ་ཡོད་ཟེར་ གནས་ཚུལ་གསར་བཏོན་ནང་བཀོད་ནུག། 

ཉིན་གྲངས་༢ ཀྱི་ སྦྱོང་བརྡར་ལས་རིམ་དེ་ཡང་ སྤྱི་ཟླ་༤ པའི་ཚེས་༧ ལས་ བུམ་ཐང་ལུ་སྦེ་ འགོ་འདྲེན་འཐབ་ཡོད་པའི་གནས་ཚུལ།

ཉི་མ་དབང་འདུས།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *