མི་དབང་རྒྱལ་ཡུམ་ ཚེ་རིང་དཔལམོ་དབང་ཕྱུག་མཆོག་གིས་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ གསོ་བའི་འགོ་དཔོན་ཚུ་དང་གཅིག་ཁར་ ཞལ་འཛོམས་གནང་པའི་བསྒང་།

མི་དབང་རྒྱལ་ཡུམ་མཆོག་གིས་ དངུལ་ཀྲམ་ས་ཡ་༦ ཞལ་འདེབས་གནང་ཡོདཔ།

༉ ཁ་ཙ་ མི་དབང་རྒྱལ་ཡུམ་ ཚེ་རིང་དཔལམོ་དབང་ཕྱུག་མཆོག་གིས་ ཐིམ་ཕུག་འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་གྱི་ ཨ་ལོ་ཚབས་ཆེན་སྡེ་ཕྲན་ལུ་ དངུལ་ཀྲམ་ས་ཡ་༦ ཞལ་འདེབས་གནང་ཡོདཔ་ཨིན་པས།
མི་དབང་རྒྱལ་ཡུམ་མཆོག་གིས་ ཨ་ལོ་ཚབས་ཆེན་སྡེ་ཕྲན་ནང་ གཟིགས་སྐོར་གནང་པའི་སྐབས་ ཚབས་ཆེན་སྡེ་ཕྲན་གྱི་ གནས་སྟངས་དང་ ཨ་ལོ་ཚུ་ དཀའཝ་སྤྱད་སར་གཟིགས་པའི་ཤུལ་ལུ་ འཕྲུལ་ཆས་དང་སྦྲགས་ཏེ་ཡོད་མི་ ཚབས་ཆེན་གྱི་ ཉལ་ཁྲི་༢ མཁོ་སྒྲུབ་འབད་ནིའི་དོན་ལུ་ ཞལ་འདེབས་གནང་ཡོདཔ་ཨིན་པས།
རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ ཨ་ལོ་ཚབས་ཆེན་གྱི་ ཉལ་ཁྲི་ཕུད་རྡོག་༥ ལས་མེད་ནི་དེ་གིས་ ཚབས་ཆེན་གྱི་ཞབས་ཏོག་དགོ་མི་ ཨ་ལོ་ཚུ་ལུ་ ཞབས་ཏོག་སྤྲོད་མ་ཚུགས་པའི་དཀའ་ངལ་དང་ ཉལ་ཁྲི་མ་ལང་པའི་ དཀའ་ངལ་ཚུ་ ཐོནམ་ཐོན་སར་ ཡོད་ཟེར་ཨིན་པས།
དེ་འབདཝ་ལས་ མི་དབང་རྒྱལ་ཡུལ་མཆོག་གིས་ ཨ་ལོ་ཚུ་གི་ གནས་སྟངས་ལུ་གཟིགས་ཏེ་ དེ་བཟུམ་མའི་ ཞལ་འདེབས་གནང་མི་དེ་ལུ་ བཀའ་དྲིན་དགའ་ཚོར་སྦོམ་ཡོད་ཟེར་ ཨ་ལོའི་ཌོག་ཊར་ མི་མི་ལྷ་མོ་གིས་ ཞུ་ཡི།
སྤྱི་ལོ་༢༠༠༣ ལུ་ ཨ་ལོ་ཚབས་ཆེན་སྡ་ཕྲན་ནང་ ཉལ་ཁྲི་ཕུད་རྡོག་གཅིག་ལས་མེདཔ་ད་ སྤྱི་ལོ་༢༠༠༣ ལས་༢༠༠༨ ཀྱི་བར་ན་ ཉལ་ཁྲི་༣ ལུ་ ཡར་སེང་འབད་ཡོདཔ་སྦེ་ཨིན་པས།
དེ་ལས་ སྤྱི་ལོ་༢༠༠༨ ཟླ་༡༢ པའི་ཚེས་༡༤ ལུ་ སྨན་ཁང་གསརཔ་ནང་ སྤོ་བཤུད་འབད་བའི་ཤུལ་ལུ་ ཨ་ལོའི་སྡེ་ཕྲན་ནང་ ཉལ་ཁྲི་༣༤ དང་ ཨ་ལོ་ཚབས་ཆེན་སྡེ་ཕྲན་ནང་ ཉལ་ཁྲི་༤ བཙུགས་ཡོདཔ་སྦེ་ཨིན་པས།
ཨིན་རུང་ སྨན་ཁང་ནང་ ཨ་ལོ་ཚབས་ཆེན་ལྟ་མི་གི་ སྨན་གཡོགམོ་ལངམ་སྦེ་མེད་མི་དང་ མཐུན་རྐྱེན་ཚུ་ ལངམ་སྦེ་མེད་མི་ལུ་བརྟེན་ ཨ་ལོ་ཚབས་ཆེན་གྱི་ སྡེ་ཕྲན་ནང་ ཨ་ལོ་ཤི་རྐྱེན་བྱུང་ནི་དེ་ མང་སུ་སྦེ་ ཡོདཔ་སྦེ་བཤད་ཅི།
སྨན་ཁང་ནང་ ཨ་ལོ་ཚབས་ཆེན་སྡེ་ཕྲན་ནང་ ཨ་ལོ་ཤི་རྐྱེན་བྱུང་མི་ གདོང་ལེན་དེ་ གཙོ་བོ་ར་ ཨ་ལོ་ནདཔ་ཚབས་ཆེན་ཚུ་ ལྟ་མི་དང་མཁས་མཆོག་དང་ སྨན་གཡོགམོ་མཁས་མཆོག་ཚུ་མེད་མི་ དེ་ལས་ དུས་ཚོད་ཁར་ སྨན་ཁང་ནང་བསྐྱལ་མ་ཚུགས་པའི་དཀའ་ངལ་དང་ རྫོང་ཁག་གཞན་ཚུ་གི་ སྨན་ཁང་ཚུ་ནང་ ཨ་ལོ་ཚབས་ཆེན་བཞག་སའི་ ས་ཁོངས་ཚུ་ མེད་མི་ལུ་བརྟེན་ཏེ་ བྱུངམ་མས་ཟེར་ཨིན་པས།
ད་ལྟོ་ ཐིམ་ཕུག་སྨན་ཁང་ནང་འབད་རུང་ ཨ་ལོ་ཚབས་ཆེན་ཚུ་ མངམ་སྦེ་འོང་པའི་སྐབས་ ཉལ་ཁྲི་མ་ལང་པའི་དཀའ་ངལ་ཡོདཔ་ད་ ཨ་ལོ་ཚབས་ཆེན་ཚུ་ སྨན་ཁང་ནང་བཞག་སྟེ་ སྨན་བཅོས་འབད་དགོཔ་ཡོད་རུང་ དུམ་གྲ་ཅིག དྲག་པའི་བསྒང་ལས་ ཚབས་ཆེན་གྱི་ ནདཔ་གསརཔ་འོང་མི་ཚུ་ལུ་ གོ་སྐབས་བྱིནམ་ཨིན་ཟེར་ཨིན་པས།
དེ་འབད་ནི་འདི་གིས་ ཨ་ལོ་ཚུ་ ཤི་རྐྱེན་མི་འབྱུང་ནིའི་དོན་ལུ་ ཨ་ལོ་ཚབས་ཆེན་བཞག་སའི་ ས་ཁོངས་ལེགས་ཤོམ་དང་ སྤུས་ཚད་དགོཔ་ དེ་ལས་ སྨན་གཡོགམོ་དང་ མཁས་མཆོག་ཚུ་ ལངམ་སྦེ་དགོཔ་དེ་ ཁག་ཆེ་བའི་སྐོར་ལས་ ཌོག་ཊར་མི་མི་ལྷ་མོ་གིས་ བཤདཔ་ཨིན་པས།
སྨན་ཁང་གི་ གཙོ་འཛིན་ལྷགཔ་རྡོ་རྗེ་གིས་འབད་བ་ཅིན་ མི་དབང་རྒྱལ་ཡུམ་མཆོག་གིས ཨ་ལོ་གི་ དཀའ་ངལ་སྦོམ་ཡོད་ལུགས་ཚུ་གཟིགས་ཏེ་ ཞལ་འདེབས་གནང་མི་དེ་གིས་ རྒྱལ་ཁབ་མཐའ་དབུས་མེད་པའི་ མི་སེར་ཚུ་ལུ་ ཕན་ཐོགས་སྦོམ་འབྱུང་ཚུགས་ནི་མས་ཟེར་ ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

དགེ་ལེགས་ཕུག་ལུ་ ཆུ་རུད་བཀག་ཐབས་ཀྱི་ ཆུ་བྱག་དང་ ཆུ་ལམ་ལེགས་བཅོས་འབད་ནི།

ཁྲོམ་སྡེ་གིས་ ལོ་ཕྱེད་ཀྱི་ འཆར་དངུལ་བསྐྱར་ཞིབ་སྐབས་ ཉེན་ཅན་ས་ཁོངས་ཚུ་ནང་ ཆུ་རུད་བཀག་ཐབས་ཀྱི་ གཙོ་རིམ་སྒྲིག་ནི་ཨིན་པས། ༉ གནམ་བྱཱར་གྱི་སྐབས་ ཆུ་རུད་ལས་ ཉེན་སྐྱོབ་འབད་མི་ ཆུ་བྱག་ཚུ་ རམ་ཡར་སོཔ་ལས་ དགེ་ལེགས་ཕུག་ ནམ་མཁའ་གླིང་འདེམས་ཁོངས་ནང་ ཨའི་པོ་ལི་རོང་ཆུའི་ …

Leave a Reply

Your email address will not be published. Required fields are marked *