མི་དབང་མཆོག་ལུ་ ལྷག་བསམ་རྣམ་དག་གི་སྒོ་ལས་ གུས་བཏུད་ཞུ་ནིའི་ ཉིནམ་ཁྱད་པར་ཅན།

༉ ད་རིས་ ག་ནི་བ་ རྩ་ཆེ་བའི་ཉིནམ་འདི་ཁར་ ང་བཅས་རའི་ སྤྱི་གཙུག་གི་ཉི་ཟླ་ འབྲུག་གི་མངའ་བདག་རྒྱལ་པོ་མཆོག་ དགུང་ལོ་༣༨ བཞེས་པའི་ འཁྲུངས་སྐར་དུས་སྟོན་ ཁྱད་པར་ཅན་བརྩི་སྲུང་ཞུ་མི་འདི་ དཔལ་ལྡན་འབྲུག་པའི་ མངའ་འབངས་སྦེ་སྐྱེས་མི་ འབྲུག་མི་ཡོངས་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ སྐུ་ཚེ་ཞབས་པད་བརྟན་ནི་དང་ མཛད་པ་འཕྲིལ་ལས་དར་ཞིང་རྒྱས་ཏེ་ སྐུ་འགྱུར་བ་མེད་ གསུང་འགག་པ་མེད་ ཐུགས་འཁྲུལ་བ་མེད་པར་ སྐུ་ཁམས་བདེ་བའི་ངང་ལུ་ བཞུགས་བཅུག་ཟེར་བའི་ སྨོན་འདེབས་ཕུལ་ནི་གི་ གོ་སྐབས་བཟང་པོ་ཅིག་ཨིན།

ད་རུང་ བསྐལ་བཟང་གི་ཉིནམ་འདི་ ཐུགས་བྱམས་སྙིང་ཆེ་བའི་བདག་ཉིད་ ཆོས་ཀྱི་རྒྱལ་པོའམ་ བྱང་སེམས་རྒྱལ་པོ་ མི་སེར་རྒྱལ་པོ་ཞེས་ ས་འཁོན་ཡོངས་ལུ་གྲགས་པའི་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཐུགས་རིག་རྣམ་པར་བཀྲ་བའི་ དབུ་ཁྲིད་བཟང་པོ་དང་ རང་དོན་ལུ་ གཟིགས་པ་མེད་པར་ རྒྱལ་ཁབ་དང་ མི་སེར་གྱི་ མཐའ་དོན་ཁོ་ན་ལུ་ ཐུགས་བརྩོན་ཐོག་ ཕྱག་ལཱ་མཛད་གནང་མི་དེ་ལུ་ འབྲུག་མི་ཡོངས་ཀྱི་ ཁ་ཐུག་ལས་ བཀའ་དྲིན་དགའ་ཚོར་དང་བཅས་ སྐུའི་འཁྲུངས་སྐར་གྱི་ བཀྲ་ཤིས་ལེགས་སྨོན་ཞུ་ནི་གི་ དུས་སྟོན་ཁྱད་པར་ཅན་ཅིག་ཡང་ཨིན།

འབྲུག་གི་ལྷ་མིའི་སྲིད་སྡེ་ཡོངས་ཀྱི་ བསོད་ནམས་ཀྱི་ གོ་སྐལ་ལུ་ བྱང་སེམས་མིའི་གཟུགས་སུ་བྱོན་པ་ དཔལ་ལྡན་འབྲུག་པའི་ ཕྱིའི་ལྕགས་རི་ ནང་གི་ནོར་བུ་ སྤྱི་གཙུག་གི་ཉི་ཟླ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ དབུ་ཁྲིད་བཟང་པོ་དང་ མཛད་པ་འཕྲིན་ལས་ལུ་བརྟེན་ འབྲུག་རྒྱལ་ཁབ་འདི་ བསམ་བརྗོད་ལས་འདས་པའི་ ཡར་རྒྱས་གོང་འཕེལ་དང་ དཔལ་འབྱོར་ཡར་སྐྱེད་ སྲིད་འཆར་ལེགས་བསྒྱུར་གྱི་ ལམ་ཕྱོགས་ལུ་ ཞུགས་ཏེ་ཡོདཔ་ཨིན།

འདི་གིས་མ་དོ་བར་ ཁ་རྗེ་ཅན་གྱི་ འབངས་འཁོར་ཡོངས་ལུ་ ཐ་ན་ གཟུགས་ཁམས་འཕྲོད་བསྟེན་ལས་འགོ་བཟུང་ མི་སེར་རེ་རེ་བཞིན་དུ་ལུ་ གཅེས་སྐྱོང་གི་ ཐུགས་བསྐྱེད་བླ་ན་མེད་པ་དང་ རྒྱལ་ཁབ་ཞི་བདེའི་ངང་ལུ་ དུས་དང་རྣམ་པ་ཀུན་ཏུ་ གནས་ཐབས་ལུ་ རྒྱལ་ཁབ་ཀྱི་ རང་བཙན་དང་ སྲུང་སྐྱོབ་སྒྲིང་སྒྲི་བཟོ་གནང་སྟེ་ འབངས་མི་སེར་ཚུ་ བློ་བདེའི་ཉམས་སྣང་ལུ་ བདེ་བར་བཀོད་པའི་ མཛད་རྣམ་ལུ་ མི་དབང་མཆོག་གི་ སྐུའི་འཁྲུངས་སྐར་ དུས་སྟོན་ཁྱད་པར་ཅན་ བརྩི་སྲུང་ཞུཝ་ད་ འབྲུག་མི་ཡོངས་ཀྱིས་ ལྷག་བསམ་རྣམ་དག་གི་ དད་མོས་སྒོ་ལས་ བསམ་ཡུལ་ལས་འདས་པའི་ བཀའ་དྲིན་གྱི་ གུས་བཏུད་ཞུ་ནིའི་ ཉིནམ་རྩ་ཅན་ཅིག་ཡང་ཨིན།

ད་རེས་ འབྲུག་གི་དམངས་གཙོའི་རིང་ལུགས་ཀྱི་ གཞི་འགྱམ་དེ་ཡང་ ར་སྒྲིང་སྒྲི་བཏགས་ཏེ་ཡོད་མི་དེ་ཡང་ འབྲུག་རྒྱལ་ཁབ་ཀྱི་ སྲོག་ཤིང་ངམ་ སྐྱབས་མགོན་གཅིག་པུར་གྱུར་པ་ མཚན་ནས་བརྗོད་པར་དཀའ་བ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ ལམ་སྟོན་དང་ བཀའ་སློབ་བཟང་པོ་གནང་བའི་ བཀྲིན་ལུ་བརྟེན་ཨིན།

ད་རེས་ནངས་པར་ སྤྱི་ཚོགས་གསུམ་པའི་ བཙག་འཐུ་རནམ་དང་བསྟུན་ ང་བཅས་རའི་ མི་སེར་ཚུ་ སག་ལང་སྟེ་སྡོད་པའི་ ནམ་དུས་ལུ་ མི་དབང་ཞབས་མཆོག་གི་ཞབས་ལས་ ཚོགས་རྒྱན་སྐྱུར་མི་ཚུ་ལུ་ འགོ་ཁྲིདཔ་ཚུ་ རང་མོས་རྣམ་དག་གི་སྒོ་ལས་ བཙག་འཐུ་འགྲུབ་དགོ་པའི་ བཀའ་སློབ་གནང་དང་གནང་བཞིན་དུ་ཡོད་མི་དེ་ སེམས་ཁར་དྲན་ཐོག་ལས་ འགན་ཁུར་རྩ་ཅན་འབག་དགོཔ་ཡོད་པའི་ དྲན་གསལ་གྱི་ ཉིནམ་ཅིག་ཡང་ཨིན།

ད་རིས་ དུས་སྟོན་ཁྱད་པར་ཅན་ བརྩི་སྲུང་ཞུཝ་དང་འབྲེལ་ མི་དབང་ཡབ་མེས་སྲས་གསུམ་དང་ མི་དབང་རྒྱལ་བཙུན་མཆོག་ སྐུ་ཁམས་བཟང་ཞིང་ སྐུ་ཚེ་ཉི་ཟླ་དང་མཉམ་ ཞུགས་ནི་གི་ སྨོན་འདེབས་ཕུལཝ་བཞིན་དུ་ འབངས་མི་སེར་ཁ་ཐུག་ལས་ རྩ་བ་གསུམ་གྱི་ མཐའ་དོན་ལུ་ རང་སྲོག་ལུ་ ཐུག་དགོ་རུང་ ཕངས་ལྟོས་མེད་པར་ ཕྱག་ཕྱིད་ཞུ་ནིའི་ སེམས་ཤུགས་གཅིག་མཐུན་གྱི་དམ་བཅའ་ ལྷོད་ཡངས་འགྱུར་ལྡོག་མེད་པར་ ཕུལ་དགོ་ཟེར་ ཞུ་ནི་ཨིན།

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *