ལྷུན་རྩེ་རྫོང་བདག་ འཇམ་དཔལ་དབང་ཕྱུག་གིས་ ཉམས་རྒུདཔ་མི་སེར་ཚུ་ལུ་ སེམས་གསོ་གསོལ་རས་གནང་མིའི་སྐོར་ལས་ གསལ་བཤད་འབད་བའི་བསྒང་།

མི་དབང་མཆོག་ལས་ བཙན་མཁར་རྒེད་འོག་གི་ གུང་པ་༥༨ ལུ་ སེམས་གསོ་གསོལ་རས།

༉ སྤྱི་ཟླ་༧ པའི་ཚེས་༩ ལུ་ རླུང་འཚུབས་ཀྱིས་ ལྷུན་རྩེ་རྫོང་ཁག་ བཙན་མཁར་རྒེད་འོག་གི་ གུང་པ་༥༨ ཀྱི་ གེ་ཟ་ཞིང་ཚུ་ རྩ་བ་ལས་ མེདཔ་བཏངམ་ལས་ཚུར་ མི་ཚུ་ དགའཝ་སྐྱིདཔ་མེད་པར་ སྡོད་དགོཔ་བྱུང་མི་དེ་ ད་རེས་ ཨ་རྟག་བཟུམ་སྦེ་ བདེ་སྐྱིད་ཤར་ཏེ་འདུག།
དེ་ཡང་ སྤྱི་ཟླ་༨ པའི་ཚེས་༡༣ ལུ་ ལྷུན་རྩེ་རྫོང་བདག་ འཇམ་དཔལ་དབང་ཕྱུག་གིས་ ཉམས་རྒུདཔ་མི་སེར་ཚུ་ལུ་ མི་དབང་མངའ་བདག་རིན་པོ་ཆེའི་སྐུ་ཚབ་སྦེ་ དངུལ་རྐྱང་གི་ སེམས་གསོ་གསོལ་རས་ཚུ་ གནང་མི་ལུ་བརྟེན་ཨིན་པས།
དེ་ཁར་སྤུངས་འཛོམས་འབད་མི་ སོ་ནམ་པ་ཚུ་ལུ་ རྫོང་བདག་གིས་ སླབ་མིའི་ནང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ མི་སེར་གྱི་སྐྱིད་སྡུག་ལུ་ ཐུགས་ཀྱི་བཟོད་མ་ཚུགས་པར་ བྱམས་བརྩེའི་སྒོ་ལས་ སེམས་གསོ་གསོལ་རས་གནང་མི་དེ་ སྨོན་ལམ་ལེགས་ཤོམ་བཏབ་སྟེ་ བདག་འཛིན་འབད་དགོཔ་ གལ་ཆེ་ཟེར་ཨིན་པས།
མི་སེར་ཚུ་གིས་ བསམ་འཆར་བཀོད་མིའི་ནང་ ཕམ་ལས་ལྷག་སྟེ་ སྐྱིད་སྡུག་གཟིགས་གནང་མི་དེ་ འཇིག་རྟེན་འཛམ་གླིང་ནང་ མི་དབང་མངའ་བདག་རིན་པོ་ཆེ་བཟུམ་ཅིག་ འོང་ག་ཟེར་བའི་ མནོ་བསམ་གཏང་དགོཔ་བྱུངམ་མས་ཟེར་ཨིན་པས།
དེ་འབདཝ་ལས་ མི་སེར་ཚུ་གི་ཁ་ཐུག་ལས་ མི་དབང་མཆོག་ སྐུ་ཚེ་ཞབས་པད་བརྟན་ མཛད་པ་འཕྲིན་ལས་ཚུ་ དར་ཞིང་རྒྱས་ཏེ་ འབྲུག་རྒྱལ་ཁབ་ཀྱི་ སྐྱབས་དང་མགོན་སྦེ་ བསྐལ་པ་མ་སྟོང་གི་བར་དུ་ བཞུགས་བཅུག་ཟེར་བའི་ སྨོན་ལམ་བཏབ་དོ་ཟེར་ཨིན་པས།
སྤྱི་ཟླ་༧ པའི་ཚེས་༩ ལུ་ རླུང་འཚུབས་ཀྱིས་ བཙན་མཁར་རྒེད་འོག་ བཙན་མཁར་སྤྱི་འོག་གི་ གུང་པ་༥༨ ཀྱི་ གེ་ཟ་འཛུགས་སྐྱོང་འབད་མི་ཚུ་ འཕྱགས་བདའ་བའི་ཁར་ ས་ཞིང་ཡང་ དུམ་གྲ་རེ་ གནོད་སྐྱོན་རྐྱབ་ནུག།
དེ་བཟུམ་སྦེ་ སྒང་ཟུར་རྒེད་འོག་ ཤ་ཝ་གཡུས་ཚན་གྱི་ གུང་པ་༢༠ གི་ འབྱ་འཛུགས་སྐྱོང་འབད་མི་ ཞིང་དང་ སྐམ་ཞིང་བསྡོམས་ཨེ་ཀར་༡༧ ཆུ་རུད་དང་ ས་རུད་ཀྱིས་ འཕྱགས་བདའ་ཡོདཔ་ལས་ མི་དབང་མཆོག་གིས་ སེམས་གསོ་གསོལ་རས་ཡོངས་བསྡོམས་ དངུལ་ཀྲམ་ས་ཡ་༠.༦ གནང་ཡི།
ལྷག་པར་དུ་ སྐྱིད་སྡུག་འགོ་དཔོན་ཚེ་རིང་ཆོས་འཕེལ་གྱིས་ སླབ་མིའི་ནང་ རླུང་འཚུབས་དེ་གིས་ སྒང་ཟུར་རྒེད་འོག་དང་ སྨིན་རྗེ་ མཁོ་མ་ དེ་ལས་ བཙན་མཁར་རྒེད་འོག་ཚུ་ནང་ མི་སེར་གུང་པ་༨༠ ལྷགཔ་ཅིག་གི་ གེ་ཟ་ཞིང་ཚུ་ མེདཔ་བཏང་བའི་ཤུལ་ལས་ ཚ་གྱང་ལང་མི་དེ་ འཚོ་བ་གཙོ་བོ་ གེ་ཟ་ལུ་བརྟེན་ སྡོད་དགོ་ནི་དེ་གིས་ ཨིན་ཟེར་ཨིན་པས།
ད་རེས་ཀྱི་ བདུན་ཕྲག་ནང་ མཁོ་མ་དང་ སྨིན་རྗེ་རྒེད་འོག་གི་ མི་སེར་ཉམས་རྒུདཔ་ཚུ་ལུ་ མི་དབང་མཆོག་གིས་གནང་མི་ སེམས་གསོ་གསོལ་རས་ཚུ་ རྫོང་བདག་གིས་ གནང་ནི་ཨིན་པའི་གནས་ཚུལ།

བདེ་སྐྱིད་གླིང་ལས་ བཀྲིས་ཕུན་ཚོགས།

About admin

Check Also

བཟའ་ཚང་ཅིག་ མི་ཚེ་སོར་སྒྱུར་ལུ་བརྟེན་ གནས་སྟངས་སྐྱོ་དྲགས་ནང་ཡོདཔ།

༉ འདས་པའི་ལོ་༢ མ་ལངམ་ཅིག་གི་ཧེ་མར་ འཇིགས་མེད་དེ་ མོང་སྒར་འབྲས་སྤུངས་རྒེད་འོག་ བཟུང་ལེན་གཡུས་ཚན་ནང་ བཟའ་ཚང་སྐྱོང་ནིའི་དོན་ལུ་ འགན་ཁུར་ཧྲིལ་བུམ་འབག་སྟེ་ བཟའ་ཚང་གི་མཐའ་དོན་ལུ་ བརྩོན་ཤུགས་བསྐྱེད་དེ་ ལཱ་འབད་མི་ཅིག་ཨིན་པས། སྐྱེས་ལོ་༣༨ ལང་མི་ཕོ་སྐྱེས་དེ་གིས་ ནང་མི་ཚུ་ལུ་ བཟའ་འཐུང་ཚུ་ …

Leave a Reply

Your email address will not be published. Required fields are marked *